ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༡༡ ཉིན་ཨ་རིར་གཏན་གཞི་བྱེད་པའི་བོད་ཀྱི་ཐེབས་རྕའི་འགན་འཛིན་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་བློ་བཟང་སྙན་གྲགས་མཆོག་དང་བོད་ཀྱི་ཐེབས་རྩ་དྷ་ས་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་བྷོ་པི་ལགས་(Mr.Bob Ankerson )གཉིས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་ཁུངས་སུ་མཚམས་གཟིགས་ལ་ཕེབས་ཡོད་པ་དང་། དེ་སྔོན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་དེ་ལས་ཁུངས་ཙམ་ཡང་བཙུགས་མ་ཐུབ་པར་ཅི་བྱ་བརྟུལ་མེད་ལུས་པའི་སྐབས། བོད་ཀྱི་ཐེབས་རྩ་ངོས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁྲིམས་ལུགས་དབང་འཛིན་གལ་ཆེན་ཡིན་པའི་བཀའ་སློབ་རིམ་ཕེབས་དང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདིའང་༧མགོན་པོ་༧གང་གི་དགོངས་པ་བཞིན་བཙུགས་ཡོད་པར་བརྟེན། ཐེབས་རྩ་ངོས་ནས་ལས་ཁུངས་བཙུགས་བྱེད་ཀྱི་རོགས་དངུལ་གནང་ནས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་སྤྱི་ཚོགས་སུ་ལས་འགན་ཁུར་ཁུར་ཐུབ་པ་གནང་ཡོད་ལ། དེ་དང་ཕྱོགས་མཚུངས། འདི་གར་ལས་ཁུངས་ངོས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཁྲིམས་ལུགས་གོ་རྟོགས་སྤེལ་རྒྱུའི་སོགས་ཀྱི་ཐད་རོགས་དངུལ་མི་ཉུང་བ་གནང་ནས། ད་བར་ཚོགས་པ་ངོས་ནས་བོད་མི་གྲངས་༣༥༠༠ཙམ་ལ་ཁྲིམས་ལུགས་ཤེས་བྱའི་གོ་རྟོགས་སྤེལ་རྒྱུ་བྱུང་པ་དང་། བོད་མིའ་ིགྲངས་༢༨༠་ཙམ་ལ་ཁྲིམས་དོན་དཀའ་ངལ་སོགས་སེལ་རྒྱུ་བྱུང་བའི་སྐལ་བ་ཐོབ་པ་རེད།

ཐེངས་འདིར་ཐེབས་རྩའི་འགན་འཛིན་ཕེབས་པ་ནི་གཙོ་བོར་ལས་ཁུངས་ལས་མི་ཡོངས་ལ་འཚམས་འདྲི་དང་། ལས་ཁུངས་ཀྱི་ལས་དོན་སྒྲུབ་ཕྱོགས་ལ་རྟོགས་ཞིབ། དེ་དང་མཉམ་ལས་ཁུངས་ཀྱི་མ་འོངས་ལས་དོན་ཁག་ལ་དགོངས་ཚུལ་སོགས་གསུང་རྒྱུ་དེ་རེད། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་དང་དྲུང་ཆེ་ཀུན་བཟང་སྟོབས་ལྡན་གཉིས་ནས་ཀྱང་ཚོགས་པའི་ལོ་འཁོར་ལས་བསྡོམས་དང་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་སྙན་གསན་ཞུས་ཡོད་པ་མ་ཚད། ཚོགས་པའི་མ་འོངས་ལས་མཆར་སོགས་ཀྱི་སྐོར་ཡང་སྙན་གསན་ཞུས་ཡོད་པ་རེད། དེ་དང་མཉམ་བཙན་བྱོལ་བོད་མའི་སྤྱི་ཚོགས་ཁྲོད་ཁྲིམས་དོན་དཀའ་ངལ་ཇི་ཡོད་དང་དེ་དག་སེལ་ཐབས་སོགས་ལ་བགྲོ་གླེང་བྱས་ཡོད་པ་རེད། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ད་བར་ལས་དོན་བྱེད་ཕྱོགས་ལ་ཡི་རངས་བསྔགས་བརྗོད་དང་མ་འོངས་པར་ཚོགས་པ་ངོས་ནས་བོད་མིའི་སྤྱི་ཚོགས་ཀྱི་ཁྲིམས་དོན་དཀའ་ངལ་ཅི་འཕྲད་ལ་ཞབས་ཞུ་ཞུ་ཐུབ་པའི་འབུལ་བསྐུལ་དང་ཐུགས་རེ་གནང་སོང་ལ། ལས་དོན་གྱི་བརྒྱུད་རིང་ཁྲོད་བོད་ཀྱི་སྤྱི་ཚོགས་སུ་ཡོད་པའི་ཁྲིམས་དོན་དཀའ་ངལ་དག་ལ་ཞིབ་འཇུག་རང་བཞིན་གྱིས་སྙན་ཐོ་སོགས་སྤར་བསྐྲུན་བྱེད་ཐུབ་ན་བཟང་ལུགས་སོགས་ཀྱི་དགོངས་ཚུལ་ཀྱང་བཏོན་ཡོད་པ་རེད།

ཐེབས་རྩའི་འགན་འཛིན་དང་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་གིས་མ་འོངས་པ་ཐེབས་རྩ་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་རོགས་པོ་བྱེད་རྒྱུ་ཁས་ལེན་བྱེད་པ་དང་མཉམ། ཚོགས་པ་ངོས་ནས་ཀྱང་མ་འོངས་པར་རང་ཁ་རང་གསོ་བྱེད་པའི་དམིགས་ཡུལ་ཐད་འབད་བརྩོན་བྱེད་དགོས་གལ་ཡིན་པའི་བཀའ་སློབ་ཀྱང་ཕེབས་ཡོད་པ་རེད།

 

 

 

(Visited 1 times, 1 visits today)