འདི་ནས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་བོད་པའི་བུད་མེད་ཚོས་དོ་སྣང་བྱེད་དགོས་པའི་གནད་དོན་ཞིག་ཞུ་རྒྱུ་ཡོད་པ་ནི། ཉེ་བའི་ཆར་འདི་གར་ལས་ཁུངས་སུ་བོད་པའི་བུད་མེད་ཁ་ཤས་ཀྱིས་ཞུ་གཏུགས་དང་བདེ་སྡུག་ཞུ་པར་ཡོང་ཡོད་པ་དང་། དེ་ནི་ནུབ་ཕྱོགས་སུ་བཞུགས་ཡོད་པའི་བོད་པའི་ཕོ་གསར་ཁ་ཤས་ཀྱིས་བཙན་བྱོལ་བུད་མེད་ཚོར་མགོ་སྐོར་ཇི་ལྟར་བཏང་ཡོད་སྐོར་རེད། བཙན་བྱོལ་བོད་མི་དེ་ཚོ་ཕྱི་རྒྱལ་དུ་འགྲོ་འདོད་ཆེ་བའི་ཞན་ཆའི་རྐྱེན་པས། རྒྱ་གར་ཏུ་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་བའི་བོད་པ་ཕོ་གསར་ཁ་ཤས་ཀྱིས་སོ་སོར་བཟའ་ཟླ་ཡོད་བཞིན་དུ། བཙན་བྱོལ་བུད་མེད་དེ་ཚོར་མགོ་སྐོར་གཏོང་ནས་གཉེན་སྒྲིག་བྱེད་ཁུལ་གྱིས་ལུས་དང་རྒྱུ་གཉིས་ཀར་མགོ་སྐོར་གཏོང་གིས་ཡོད་པ་དེ་རེད།

ང་ཚོས་སྤྱི་ཚོགས་དྲ་རྒྱ་བརྒྱུད་བོད་པ་བུད་མེད་ཚོར་ཞུ་རྒྱུ་ནི། ཕྱིན་ཆད་ཕྱི་རྒྱལ་ལ་འགྲོ་རྔམས་ཀྱིས་མགོ་སྐོར་འོག་མ་ཚུད་པར། གནས་དོན་གང་ཅིའི་ཐད་ངེས་པར་ཏུ་རྟགས་དཔྱད་དང་ཞིབ་འཇུག་འཐུས་ཚང་མ་བྱས་བར་གང་བྱུང་གིས་གཉེན་སྒྲིག་མ་བྱེད་པ་དེ་ཡིན། གལ་སྲིད་མགོ་སྐོར་འོག་ཚུད་དེ་དེ་ལུགས་གཉེས་སྒྲིག་བྱས་ཡོད་ཚེ། སོ་སོར་ཁྲིམས་ཐོག་ནས་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་ཡིན་པ་རེད། གཤམ་དུ་དངོས་བྱུང་དཔེ་མཚོན་གཉིས་ཞུས་ན་འདི་ལྟར་ཏེ།

གནས་ཚུལ་གཅིག་ལ། བོད་པ་ཕོ་གསར་ཞིག་ནུབ་ཕྱོགས་སུ་བཞུགས་ཡོད་པ་དང་། ཁོ་རང་ལ་ནུབ་ཕྱོགས་སུ་བཟའ་ཟླ་དང་ཕྲུ་གུ་ཡོད་ནའང་། སྤྱི་ཚོགས་དྲ་རྒྱ་བརྒྱུད་རྒྱ་གར་ནང་ཡོད་པའི་བུད་མེད་ཅིག་དང་འབྲེལ་བ་བྱས་པ་དང་། ཕོ་གསར་དེས་ཁོ་རང་ལ་བཟའ་ཟླ་མེད་པ་མ་ཟད་དགའ་རོགས་ཀྱང་མེད་ཚུལ་སོགས་ཁ་མཁས་ཚིག་འཇམ་སོགས་མང་པོ་བཤད་མཐར་དགོས་རོགས་བྱེད་རྒྱུའི་ངོས་ལེན་བྱས་ཡོད་འདུག དེའི་རྗེས་ཕོ་གསར་དེ་རྒྱ་གར་ལ་འཆམ་འཆམ་ཡོང་ཞོར་བུད་མེད་དེ་དང་མཉམ་དུ་བསྡད་པ་དང་། བུད་མེད་དེའི་ནང་མི་སོགས་ལ་གཉེན་སྒྲིག་བྱེད་པའི་བསམ་ཚུལ་བཏོན་རྗེས། ནང་མིས་ཀྱང་མཁས་ལེན་བྱས་ནས་ཁྲིམས་མཐུན་གཉེན་སྒྲིག་བྱས་འདུག རྗེས་སུ་ཕོ་གསར་དེ་ཕྱིར་ནུབ་ཕྱོགས་སུ་ལོག་རྗེས་ག་སོང་འཆར་མེད་དུ་གྱུར་འདུག བཙལ་གཅོད་ཀྱིསཤེས་རྟོགས་བྱུང་དུས་ཕོ་གསར་དེར་སྔ་ས་ནས་བཟའ་ཚང་ཡོད་པ་དེ་འདྲ་རེད་འདུག ད་ལྟ་བུད་མེད་དེ་མི་གཞན་དང་གཉེན་སྒྲིག་བྱེད་དགོས་བསམ་ནའང་། ཁྲིམས་ཐོག་ཏུ་གསལ་བའི་བཟའ་ཟླ་དེ་དང་ཁ་བྲལ་གྱི་ཁྲིམས་ཡིག་མ་རག་པར་དཀའ་ངལ་འཕྲད་ཅིང་ཡོད།

གཞན་གནས་ཚུལ་གཅིག་ནི། ནུབ་ཕྱོགས་སུ་བཞུགས་པའི་ཕོ་གསར་ཞིག་བཙན་བྱོལ་གཞིས་ཆགས་ཁ་ཤས་ལ་སོང་ནས་བུད་མེད་མ་འདྲ་བ་ཁ་ཤས་ཤིག་ལ་ཁྲིམས་མཐུན་གཉེན་སྒྲིག་བྱས་ཡོད་པ་མ་ཟད། བུ་མོའི་ནང་མི་ས་ནས་སྒོར་མོའང་གང་མང་མགོ་སྐོར་བཏང་འདུག

ང་ཚོས་དངོས་བྱུང་དཔེ་མཚོན་འདི་དག་བཀོད་དགོས་པ་ནི། བུ་མོ་ཚོ་མ་འོངས་པར་མགོ་སྐོར་མ་ཐེབས་པ་དང་། རྣམ་དཔྱོད་བེད་སྤྱོད་གཏོང་ནས་ལས་ཀ་བྱེད་རྒྱུ་དེ་ཡིན། བོད་མི་མང་ཚོགས་ཀྱིས་ཀྱང་གནས་ཚུལ་འདིའི་རིགས་ཤེས་རྟོགས་དགོས་པ་ཤིན་ཏུ་ནས་གལ་ཆེ་མཐོང་།

ང་ཚོས་བསམ་ཚུལ་ལ་ཕྱིས་སུ་བོད་པའི་བུད་མེད་ཚོས་གནས་ཚུལ་འདིའི་རིགས་འོག་གཉེན་སྒྲིག་བྱེད་པ་ཡིན་ན། རྒྱ་གར་ཏུ་བུད་མེད་དང་ཕྲུ་གུའི་ཡར་རྒྱས་ཚོགས་པར(Women and Child Develoment)་དེབ་བསྐྱེལ་བྱེད་རྒྱུ་དེ་ཡིན། གང་ཡིན་ལགས་ན། ཚོགས་པ་དེའི་དེབ་བསྐྱེལ་དེ་ཉིད་WCDདྲ་རྒྱ་དང་འབྲེལ་འཐུད་ཡོད་པས། དོགས་གཞི་ཡོད་པའི་གཉིན་སྒྲིག་ལག་འཁྱེར་སོགས་གསལ་ཁ་བཏོན་པར་ཕན་ཐོགས་ཧ་ཅང་ཆེ་ལ། རྗེས་སུ་སོ་སོར་དཀའ་ངལ་འཕྲད་ཚེ། རྒྱ་གར་གཞུང་ཕྱོགས་ནས་ཀྱང་རོགས་སྐྱོར་ཡོང་བའི་ཕན་ཐོགས་ཆེ།

(Visited 1 times, 1 visits today)