བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདི་ཉིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བཙུགས་པ་ནས་ད་ལྟའི་བར།ཚོགས་པ་འདིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་མི་ཚོར་ཁྲིམས་དོན་གྱི་དཀའ་ངལ་ཡོད་རིགས་རྣམས་ལ་རོགས་སྐྱོར་དང་ལམ་སྟོན་སོགས་བྱེད་ཀྱིས་ཡོད་པ་དང་།ཇི་ལྟར་༧གོང་ས་མཆོག་གི་བཀའ་སློབ་རིམ་ཕེབས་བཞིན་བོད་མི་ཚོར་ཁྲིམས་ལུགས་ཀྱི་གོ་རྟོགས་གོང་མཐོར་གཏོང་པར། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཏུ་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་འགུལ་འདྲ་མིན་སྤེལ་གྱིས་ཡོད་པ་རེད།

ཚོགས་འདུའི་ཐོག་ཚོགས་གཙོ་དང་དྲུང་ཆེ་གཉིས

མ་ཚད། བཙན་བྱོལ་བོད་མི་རྣམས་ནི་ཆབ་སྲིད་ཀྱི་ཕོང་བའི་ཡུལ་གྱར་བ་འབའ་ཞིག་ཡིན་པ་དང་། དེ་ཡང་གཙོ་བོར་རྒྱ་ནག་གི་དྲང་བདེན་མ་ཡིན་པའི་ཆབ་སྲིད་འོག གཞིས་བཞུགས་བོད་མི་རྣམས་ལ་ལུས་སེམས་གཉིས་ཀྱི་དཀའ་སྡུག་གྲངས་མེད་འཕྲད་ཅིང་ཡོད་པ་རེད་ལ། བོད་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་རྒྱ་ནག་གཞུང་ནས་རྩ་མེད་རྡོག་རུས་བཏང་དང་གཏོང་མུས་ཡིན་པས། ཚོགས་པ་འདི་ཉིད་ནས་ཀྱང་གང་ལྕོགས་ཀྱིས་སྤྱི་ཚོགས་དྲ་རྒྱ་སོགས་རྒྱུད་ལམ་འདྲ་མིན་བརྒྱུད། བོད་ནང་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ཀྱི་གོ་རྟོགས་སྤེལ་གྱིས་ཡོད་པ་དང་། གཞིས་བཞུགས་བོད་མི་རྣམས་ནས་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ཤེས་པའི་ཐོག་ནས་སོ་སོ་སྲུང་སྐྱབས་བྱེད་ཐུབ་པ་བྱེད་རྒྱུ་དེ་ཡིན་པ་རེད།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདི་ཉིད་བཙུགས་ནས་ད་ལྟའི་བར། རྒྱལ་སྤྱིའི་ཚོགས་སྡེ་ཁག་མང་པོ་དང་མཉམ་རུབ་ཀྱིས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལས་འགུལ་གང་མང་སྤེལ་ཡོད་པ་དང་། ལས་འགུལ་དེ་ཚོས་ཀྱང་སྤྱི་ཚོགས་འདྲ་མིན་ནང་ཤུགས་རྐྱེན་གང་ཙམ་ཐེབས་ཡོད་པ་རེད། ཨ་རིར་གཏན་གཞི་བྱེད་པའི་ཨ་རིའི་ཁྲིམས་ལུགས་ཚོགས་པ་བོད་དྲང་བདེན་ལྟེ་གནས་ཁང་དང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་སྤྱི་དམངས་སྟོབས་ཤུགས་ཚོགས་པ། ཨེ་ཤི་ཡ་སྐྱབས་སྐྱོར་བའི་མཉམ་འབྲེལ་ཚོགས་པ་སོགས་ཚོགས་པ་མང་པོ་དང་མཉམ་དུ་དུས་རྒྱུན་ནས་འབྲེལ་ལམ་གང་གཟབ་ཀྱིས་ལས་འགུལ་འདྲ་མིན་སྤེལ་ཐུབ་པ་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༦ལོར་དྷ་རམས་སར་སྤྱི་མང་སྟོབས་ཤུགས་ཚོགས་པ་དང་། ཚོགས་པ་གཞན་ཁག་ཅིག་དང་མཉམ་དུ་རྒྱལ་སྤྱིའི་ཚོགས་ཆེན་ཞིག་བསྐོངས་ཐུབ་ཡོད་པ་དང་། སྐབས་དེར་རྒྱལ་ཁབ་ཕྱི་ནང་མང་པོ་ནས་མཁས་དབང་མང་པོ་ཕེབས་ནས་ཚོགས་བཞུགས་བྱེད་ཡོད་པ་རེད། ཚོགས་པ་དེ་ནི་ལོ་དེར་དྷ་སར་ཚོགས་པའི་ཚོགས་ཆེན་ནུས་པ་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་ཚོགས་ཆེན་ཞིག་ཏུ་འགྱུར་ཡོད།

ཕྱི་ལོ་༢༠༡༧ཟླ་༡༡ཚེས་༡༤་ནས་༡༧བར་རྒྱ་རིགས་མཁས་དབང་ཡང་ཅེན་ལིས་ཀྱིས་དབུ་ཁྲིད་པའི་སྤྱི་མང་ཚོགས་སྟོབས་ཤུགས་ཚོགས་པའི་ལོ་འཁོར་མི་རིགས་འདྲ་མིན་གྱི་འགོ་ཁྲིད་གཟབ་སྦྱོང་ཚོགས་འདུ་དེ་ཉིད་ཉི་ཧོང་ལ་ཚོགས་ཡོད་པ་དང་། སྐབས་དེར་ཇི་ལྟར་གདན་ཞུས་བྱེད་པ་བཞིན། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་དང་དྲུང་ཆེ་ཀུན་བཟང་སྟོབས་ལྡན་ལགས་གཉིས་ཚོགས་བཅར་བྱས་ཡོད་པ་དང་། ཚོགས་འདུའི་དེའི་ཐོག་ཁོང་གཉིས་ནས་ཚོགས་བཅར་བ་གཞན་རྣམས་ལ་བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་བབས་སྐོར་དང་། ཁྲིམས་ལུགས་ཐོག་བོད་ཀྱི་གནས་བབས་ཇི་ལྟར་ཆགས་ཡོད་མེད་སྐོར་སོགས་ཀྱི་གནས་ཚུལ་མང་པོ་བཤད་ཐུབ་པ་བྱུང་ཡོད་ལ། དེ་དང་མཉམ་དུ་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱི་གོ་སྒྲིག་འོག་ཉི་ཧོང་གི་གྲོས་ཚོགས་ནང་གཟིགས་སྐོར་བྱས་པའི་གོ་སྐབས་དང་། བོད་ལ་རྒྱབ་སྐྱོར་གནང་མཁན་གྱི་ཉི་ཧོང་གྲོས་ཚོགས་འཐུས་མི་སོགས་མང་པོ་དང་ཐུག་འཕྲད་ཀྱིས་བོད་ཀྱི་གནས་བབས་སྐོར་སོགས་འགྲེལ་བཤད་བརྒྱབ་རྒྱུ་དང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་དམིགས་ཡུལ་དང་ལས་དོན་སྐོར་སོགས་འགྲེལ་བརྗོད་བྱས་པའི་གོ་སྐབས་བྱུང་ཡོད་པ་རེད།

(Visited 1 times, 1 visits today)