བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་བཙུགས་ནས་ད་བར། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་པ་དང་། བོད་མི་དང་ཡུལ་མི་ཉམས་ཐག་རྣམས་ལ་ཁྲིམས་དོན་གྱི་དཀའ་ངལ་སེལ་ཐབས་དང་། ཁྲིམས་ལུགས་ཤེས་བྱ་སྤེལ་པ། ཁྲིམས་དོན་སློབ་སྟོན་བྱེད་པ་སོགས་བྱ་བ་མང་པོ་བསྒྲུབས་དང་སྒྲུབ་མུས་སུ་ཡིན་པ་མ་ཟད། འཛམ་གླིང་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁྲིམས་སྤྱི་སྒེར་གང་མང་དང་མཉམ་འབྲེལ་གྱི་ཁྲིམས་དོན་ཉམས་ཞིབ་སོགས་བྱེད་ཀྱིས་ཡོད་པར་བཞིན། ད་ཐེངས་ཚོགས་པའི་འཆར་གཞི་ལྟར་རྒྱ་གར་ལྷོ་ཕྱོགས་སུ་བོད་མིའི་ཁྲིམས་ལུགས་སློབ་མ་དང་ཁྲིམས་རྩོད་པ་༣༥ཙམ་ལ་ཁྲིམས་དོན་གཟབ་སྦྱོང་སྤྲོད་པ་དང་སྟབས་བསྟུན་གྱིས། དབྱིན་ལེན་ནས་ཕེབས་པའི་ཁྲིམས་ལུགས་མཁས་དབང་ཏཱ་མ་ར་དང་མཉམ་འབྲེལ་གྱིས་ནང་པའི་ལྟ་གྲུབ་རྩོད་རྙོག་འདུམ་སྒྲིག་ཇི་ལྟར་བྱེད་ཐབས་ཡོད་མེད་སྐོར་ས་གནས་ཁག་ཏུ་བཅར་འདྲི་དང་ཉམས་ཞིབ་ལ་སོང་ཡོད་པ་རེད།

དེ་ཡང་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་རྒན་པ་རྣམ་རྒྱལ་ཚེ་སྐྱིད་ལགས་མཁས་དབང་ཏཱ་མ་ར་དང་མཉམ་ཕེབས་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༧ཟླ་༡ཚེས་༡༡གཉིས་ཁོང་གཉིས་ཀྱིས་བྷེན་ལོར་བོད་ཁྱིམ་སྡོད་ཁང་ཚོགས་ཁང་དུ། ཁྲིམས་ལུགས་སློབ་མ་གྲངས་༥༠ལྷག་ལ་ཁྲིམས་དོན་གཟབ་སྦྱོང་གནང་ཡོད་པ་དང་། གཙོ་བོར་ནང་ཆོས་དང་ཁྲིམས་ལུགས་གཉིས་ཟུང་འབྲེལ་གྱིས་མིའི་རིགས་ཀྱི་ཞི་བདེ་བསྐྲུན་ཐབས་ཇི་ལྟར་བྱེད་དགོས་པ་དང་། ཁྲིམས་ལུགས་དབང་འཛིན་གྱི་གལ་ཆེའི་རང་བཞིན། བོད་རིགས་ཁྲིམས་ལུགས་སློབ་མ་རྣམས་ཀྱིས་ཁྲིམས་དང་སྤྱི་ཚོགས་དངོས་དབར་ཉམས་མྱོང་ཇི་ལྟར་གསོག་དགོས་ཀྱིས་ཡོད་མེད་སོགས་བརྗོད་བྱ་ཁ་ཤས་ཐད་གསུང་བཤད་དང་གཟབ་སྦྱོང་གནང་ཡོད་པ་རེད།

དེ་ནས་ཁོང་གཉིས་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་ལྔ་ལ་ཕྱོགས་ཕེབས་ཀྱིས་ནང་པའི་ལྟ་གྲུབ་དང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ནས་ཇི་ལྟར་རྩོད་རྙོག་རྣམས་འདུམ་སྒྲིག་བྱེད་ཐུབ་མིན་སྐོར་བཅར་འདྲི་དང་བསམ་ཚུལ་བསྡུ་ལེན། ཉམས་ཞིབ་བཅས་བྱས་ཡོད་པ་རེད།

(Visited 1 times, 1 visits today)