སྐྱབས་བཅོལ་ལག་དེབ་དྲྭ་ཐོག་ནས་དེབ་སྐྱེལ་ཞུ་བར་བོད་མི་མང་དག་ཅིག་ལ་དཀའ་ཁག་འཕྲད་ཀྱིན་ཡོད་པར་བརྟེན་རང་གཞུང་བཀའ་ཤག་ནས་རྒྱ་གར་དབུས་ནང་སྲིད་ལྷན་ཁང་དུ་ཡར་ཞུ་གནང་བའི་དོན་འབྲས་སུ་རྒྱ་གར་གཞུང་ངོས་ནས་སྐྱབས་བཅོལ་ལག་དེབ་དེབ་སྐྱེལ་ཞུ་བའི་དུས་བཀག་སྤྱི་ཟླ་ ༩ ཚེས་ ༣༠ བར་ཕར་འགྱངས་གནང་ཡོད་པ་རེད།

རྒྱ་གར་གནས་སྡོད་སྐྱབས་བཅོལ་བོད་མི་ཡོད་དོ་ཅོག་གི་གྲངས་ཐོ་ཁུངས་དག་ཅིག་ཡོང་བའི་ཕྱིར་དུ་རྒྱ་གར་གཞུང་ནས་བོད་མི་ཚོའི་སྐྱབས་བཅོལ་ལག་དེབ་དུས་ཡུན་རྫོགས་མིན་ལ་མ་ལྟོས་པར་དྲྭ་ཐོག་ནས་དེབ་སྐྱེལ་ངེས་པར་དུ་བྱ་དགོས་པའི་བཀའ་ཁྱབ་གནང་བ་བཞིན་འདི་ལོའི་སྤྱི་ཟླ་གསུམ་པའི་ནང་དུས་བཀག་རྫོགས་པ་ཡིན་ཡང་ད་དུང་བོད་མི་མང་པོ་ཞིག་དཀའ་ཁག་ཅི་རིགས་ལ་བརྟེན་ནས་དྲྭ་ཐོག་ནས་དེབ་སྐྱེལ་ཞུ་ཐུབ་མེད་པར་བརྟེན་རྒྱ་གར་གཞུང་ངོས་ནས་དེབ་སྐྱེལ་ཞུ་བའི་དུས་བཀག་ཕར་འགྱངས་བྱས་ཏེ་འདི་ལོའི་ཟླ་བ་དགུ་པའི་ཚེས་སུམ་ཅུའི་ཚུན་ཆད་དུ་དེབ་སྐྱེལ་ཞུ་ཐུབ་དགོས་པའི་བཀའ་ཁྱབ་བཏང་ཡོད་པ་རེད།      དབུས་བོིད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་གི་ཡོངས་ཁྱབ་གསལ་བསྒྲགས་ནང་དུའང་སྐྱབས་བཅོལ་ལག་དེབ་དྲྭ་ཐོག་ནས་དེབ་སྐྱེལ་བྱས་མེད་པའི་བོད་མི་ཚོས་གང་མགྱོགས་དེབ་སྐྱེལ་གནང་དགོས་པ་གསལ་ཡོད་ཅིང་དུས་ཐོག་ཏུ་དེབ་སྐྱེལ་མ་བྱས་པར་མཇུག་འབྲས་ཅི་འཕྲད་དོ་བདག་རང་ངོས་ནས་འགན་ལེན་བྱ་དགོས་པའི་འབོད་སྐུལ་གནང་འདུག

(Visited 1 times, 1 visits today)