དུས་ཚོད་ཀྱི་འགྱུར་བ་དང་བཙན་བྱོལ་བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་དགོས་མཁོ་དང་། རྒྱལ་ཁབ་ཕྱི་ནང་ལ་འགྲུལ་བསྐྱོད་སྟབས་བདེ་ཡོང་པ། བཙན་བྱོལ་བོད་མི་ན་གཞོན་ཚོར་སློབ་སྦྱོང་དང་ལས་རིགས་སྣ་ཚོགས་སུ་བཞུག་སླ་བའི་རྐྱེན་གྱིས་རྒྱ་གར་གནས་བཞུག་བོད་མི་ཚོས་རྒྱ་གར་མི་སེར་ལག་འཁྱེར་བཟོ་མཁན་ཇེ་མང་དང་ཇེ་མང་རེད། བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་གར་མི་སེར་ལག་འཁྱེར་བཟོ་པར་ཁྲིམས་ལུགས་གཏན་འབེབས་ལྟར་ཆ་རྐྱེན་ཁ་ཤས་ངེས་པར་ཏུ་ཚང་དགོས།

དང་པོ། བཙན་བྱོལ་བོད་མི་སུ་རུང་ཕྱི་ལོ་ ༡༩༥༥ གཏན་འབེབས་བྱས་པའི་རྒྱ་གར་མི་སེར་ཁྲིམས་ལུགས་ལྟར་གང་ཟག་དེ་ངེས་པར་ཏུ་ཕྱི་ལོ་ ༡༩༥༠ ཟླ་ ༡ ཚེས་ ༢༦ དང་ཕྱི་ལོ་ ༡༩༨༧ ཟླ་༧ ཚེས་ ༡ ཉིན་བར་སྐྱེས་པ་ཞིག་ཡིན་དགོས།

གཉིས་པ། བཙན་བྱོལ་བོད་མི་སུ་རུང་ངེས་པར་ཏུ་རྒྱ་གར་ལ་སྐྱེས་ཡོད་པའི་པང་རྟགས་ཁ་གསལ་དགོས།

གསུམ་པ། རྒྱ་གར་ཏུ་གནས་སྡོད་ཆོག་པའི་ཡིག་ཆ་དང་རྒྱ་གར་གཞུང་གིས་བཀོད་ཁྱབ་ལྟར་དགོས་ངེས་ལག་འཁྱེར་Adhaar Card ངེས་པར་ཏུ་ཡོད་དགོས།

 

ཁྲིམས་ལུགས་དབང་འཛིན་དང་ཡང་དག་པའི་མང་གཙོ་ལམ་ལུགས་སུ་ཤར་བསྐྱོད་བྱེད་བཞིན་པའི་རྒྱ་གར་གཞུང་ནས། ཁྲིམས་ལུགས་ཀྱི་གཏན་འབེབས་དང་དགོངས་དོན་སྤྱི་བོར་བཀུར་པའི་དབང་གིས་བཙན་བྱོལ་བོད་མི་རྣམས་ལའང་གཅིག་མཚུངས་ཀྱི་ཁེ་ཕན་དང་མཐུན་རྐྱེན། ཐོབ་ཐང་སོགས་སྦྱོར་ཡོད་པ་རེད།

རྒྱ་གར་མངའ་སྡེ་སོ་སོའི་འགྲོ་སྟངས་ལ་ཅུང་མི་འདྲ་བའི་རྐྱེན་གྱིས་མི་སེར་ལག་འཁྱེར་ཞུ་སྟངས་ལའང་ཅུང་མི་འདྲ་བ་ཡོད། ཡིན་ནའང་བཙན་བྱོལ་བོད་མི་སུ་རུང་ལ་དགོས་ངེས་ཆ་རྐྱེན་དག་ཚང་པ་ཡོད་ན། ཁྲིམས་མཐུན་གྱི་རྒྱ་གར་མི་སེར་ལག་འཁྱེར་བཟོ་ཐུབ་ཀྱི་ཡོད།

རྒྱ་གར་མི་སེར་ལག་འཁྱེར་ཞུ་སྟངས་སྐོར།

རྒྱལ་ཁབ་གང་དུ་ཡིན་ནའང་། མི་སེར་ལག་འཁྱེར་ནི་ཧ་ཅང་གལ་ཆེ་བ་ཡིན་པ་དང་། དེ་ནི་གང་ཟག་དེར་རྒྱལ་ཁབ་གང་རུང་གི་ཁོངས་གཏོགས་ཡིན་པའི་པང་རྟགས་གཙོ་བོ་རེད་ལ། ལྷག་པར་ཏུ་ཕྱི་བསྐྱོད་དགོས་པའི་མི་རྣམས་ལ་མཚོན་ན། ལག་འཁྱེར་དེ་ནི་རྒྱལ་ཁབ་ཕྱི་ནང་ལ་འགྲུལ་བསྐྱོད་ཐུབ་པའི་དགོས་ངེས་ཅན་གྱི་ཡིག་ཆ་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་སོ་སོར་དབུས་དང་ཡན་ལག་ཅན་གྱི་མི་སེར་ལག་འཁྱེར་བཟོ་སའི་ལས་ཁུངས་ཡོད་པ་དང་། དམིགས་བསལ་རྒྱལ་ས་དང་གྲོང་ཁྱེར་ཆེ་ཁག་ནང་དུ་ཡན་ལག་ལས་ཁུངས་གཅིག་ལས་མང་བ་ཡོད་པ་རེད།

དང་པོ། རང་ཉིད་ཀྱི་E-mail བརྒྱུད་དྲྭ་རྒྱའི་ཐོག་སོ་སོའི་སྒེར་གྱི་འཛིན་བྱང་ཞིག་བཟོ་དགོས། (log in A/c)སོ་སོའི་ས་གནས་ཀྱི་མི་སེར་ལག་འཁྱེར་བཟོ་སའི་ལས་ཁུངས་ཀྱི་དྲྭ་རྒྱ་ཐོག་ཕེབས་ནས་སོའི་སོར་ཡོད་པའི་ICདང་མཐུན་པར་འགེངས་ཤོག་ཅིག་བསྐངས་དགོས། དེ་དང་མཉམ་དྲྭ་ཐོག་ནས་ལས་ཁུངས་སུ་འགྲོ་བའི་དུས་ཚོད་ལེན་དགོས། མ་ཟད་འགེངས་ཤོག་དེ་དང་དུས་བཀག་བཟོས་པའི་པང་རྟགས་ཡིག་གེ་སོགས་པར་བཤུས་ངེས་པར་ཏུ་བཟོས་དགོས། ཁྱེད་རང་གི་འགེངས་ཤོག་དང་དུས་བཀག་སོགས་ཀྱི་འགེངས་ཤོག་ལེགས་འགྲུབ་བྱུང་མཚམས། ཁྱེད་ཀྱི་དྲྭ་ཐོག་སྤྲད་པའི་ཁ་པར་ཐོག་ཕྲན་འཕྲིན་ཞིག་ཀྱང་འབྱོར་ཡོང་།

གཉིས་པ། སོ་སོར་ཡོད་པའི་གནས་སྡོད་ལག་འཁྱེར་RC་དང་Adhaar Card གལ་ཆེ་ཤོས་ICབཅས་ནང་གསལ་བའི་མིང་དང་སྐྱེས་ལོ་སྐྱེས་ཚེས། ཕ་མ་གཉིས་ཀྱི་མིང་། བཟའ་ཟླ་ཡོད་ན་བཟའ་ཟླའི་མིང་སོགས་མཐུན་པ་བྱེད་དགོས།

གསུམ་པ། སོ་སོར་ཡོད་པའི་ཡིག་ཆ་རྣམས་པར་བཤུས་ཁ་ཤས་བཟོས་ནས་གྲ་སྒྲིག་བྱེད་དགོས།

བཞི་པ། སོ་སོ་སྡོད་སའི་ཁྱབ་ཁོངས་ཀྱི་རྒྱ་གར་གྲོང་རྡེལ་ལས་ཁུངས་ནས་དོ་བདག་ས་གནས་དེར་བསྡད་ཡོད་པའི་ངོས་སྦྱོར་ཡིག་གེ་ཞིག་ལེན་དགོས།

ལྔ་པ། Adhaar Card ནང་གསལ་བའི་ཁ་བྱང་དེ་ངེས་པར་ཏུ་མི་སེར་ལག་འཁྱེར་ཞུ་ཡུལ་གྱི་མངའ་སྡེ་ནང་ཡིན་དགོས།

ལྔ་པ། དོ་བདག་ལ་ཁྲིམས་མཐུན་གྱི་སྐྱེས་ལོ་སྐྱེས་ཚེས་ལག་འཁྱེར་མེད་པ་ཡིན་ན། སློབ་གྲྭ་འཛིན་རིམ་བཅུ་པ་དང་བཅུ་གཉིས་གང་རུང་གི་ལག་འཁྱེར་ཡོད་ན་ཆོག གལ་སྲིད་དེ་དག་ཀྱང་མེད་པ་ཡིན་ན། སོ་སོའི་རྒྱ་གར་ཏུ་སྐྱེས་ཡོད་པའི་ཁུངས་བསྐྱེལ་ལག་འཁྱེར་Adhaar Card དང་འབྲེལ་ཡོད་ལས་ཁུངས་ཀྱིས་ངོས་སྦྱོར་ཡིག་གེ་སོགས་ཀྱིས་ཀྱང་འཐུས་པ་བྱེད་ཆོག

ལས་ཁུངས་སུ་ངོས་སུ་བཅར་སྐབས།

དྲྭ་ཐོག་ནས་ཞུས་པའི་དུས་བཀག་སླེབས་སྐབས། དུས་བཀག་ཡིག་གེའི་ཐོག་གསལ་བའི་དུས་ཚོད་ལྟར་ས་གནས་མི་སེར་ལག་འཁྱེར་ལས་ཁུངས་སུ་བཅར་དགོས། ལས་བྱེད་ཚོས་ཁྱེད་ཀྱི་ཡིག་ཆ་ཁག་ལ་ཞིབ་བཤེར་བྱེད་རྒྱུ་དང་། གཙོ་བོར་ཁྱེད་རང་ལ་ཆ་རྐྱེན་ཚང་གི་ཡོད་མེད་དང་། ཡིག་ཆ་ཁག་གི་ནང་གསལ་བའི་མིང་དང་འབྲི་དོན་རྣམས་མཐུན་གྱི་ཡོད་མེད་ལྟ་གི་ཡོད། གལ་སྲིད་ཁྱེད་རང་གི་ཡིག་ཆ་ཚང་མ་ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་མཐུན་པ་བྱུང་མཚམས།

དང་པོ། ཁྱེད་རང་གི་IC ཡར་ཕྱིར་བསྡུ་བྱེད་ཀྱི་ཡོད།

གཉིས་པ། ཁྱེད་ཀྱི་RC དང་ Adhaar Card བཅས་ཁྱེད་རང་ལ་ཡོད་པའི་ཡིག་ཆ་རྣམས་ཀྱི་པར་བཤུས་ཡར་རྩིས་ལེན་བྱེད་ཀྱི་ཡོད།

གསུམ་པ། ཁྱེད་རང་གི་IC ཕྱིར་སྤྲོད་བྱེད་པའི་Surrender Certificate ཞེས་པ་ཞིག་ཏུ་མཚན་རྟགས་བཀོད་དགོས

བཞི་པ། ཁྱེད་རང་རང་མོས་ཀྱིས་མི་སེར་ལག་འཁྱེར་ཞུས་ཡོད་པའི་ཡིག་ཆ་ཞིག་ལ་མཚན་རྟགས་བཀོད་དགོས།

གོང་གསལ་བརྒྱུད་རིམ་རྣམས་ཚར་རྗེས། ལས་བྱེད་གཞན་ཞིག་ཏུ་ཁྱེད་རང་གི་ཡིག་ཆ་རྣམས་གློག་འཇུག་བྱེད་པ་དང་། ཁྱེད་རང་གི་མཛུབ་ཐིག་ལེན་པ། ལག་འཁྱེར་ཐོག་སྦྱར་དགོས་པའི་ཕྱད་པར་རྒྱག་པ་སོགས་བྱེད་ཀྱི་ཡོད། ལས་བྱེད་ཚོས་ཁྱེད་རང་གི་ཡིག་ཆ་དང་གནས་ཚུལ་སོགས་གློག་ཀླད་ནང་ངེས་གཏན་མ་བྱེད་སྔོན། ཁྱེད་རང་ལ་སླར་ཡང་སྐད་ཆ་འདྲི་ནས་འགྲིག་ཡོད་མེད་ལྟ་རུ་འཇུག་གི་ཡོད། དེ་དག་ཡོངས་སུ་ལེགས་འགྲུབ་བྱུང་ན་ཁྱེད་རང་ལས་ཁུངས་སུ་བཅར་པའི་ལས་ཀ་དེ་ཚར་པ་རེད།

ལས་ཁུངས་སུ་བཅར་རྗེས།

ལས་ཁུངས་སུ་བཅར་ནས་ཉིན་རྗེས་མར་ས་གནས་ཉེས་རྟོག་ལས་ཁུངས་ནས་ཁྱེད་རང་ལ་ཁ་པར་ཐོག་འདྲི་བ་གཏོང་གི་ཡོད། དེ་ནི་གཙོ་བོར་ཁྱེད་རང་ས་གནས་དེར་ཡོད་མེད་ལྟ་གི་ཡོད། གལ་སྲིད་དགོས་གལ་བྱུང་ན་ཁྱེད་རང་ལ་ངེས་མཁོ་ཡིག་ཆ་ཁ་ཤས་ལས་ཁུངས་སུ་བསྐྱེལ་ཏུ་ཤོག་གསུང་གི་ཡོད། དེ་ནི་གཙོ་བོ།

དང་པོ། ས་གནས་གྲོང་རྡེལ་ལས་ཁུངས་ཀྱི་ངོས་སྦྱོར། Address Proof

གཉིས་པ། ས་གནས་གྲོང་རྡེལ་ལས་ཁུངས་ཀྱི་གནང་པའི་ཀུན་སྤྱོད་ཀྱི་ངོས་སྦྱོར།Character Certificate

གསུམ་པ། ས་གནས་མགོ་འཛིན་ལས་ཁུངས་ཀྱིས་གནང་པའི་ངོས་སྦྱོར། Address Proof

བཞི་པ། ཁྱེད་RCདང་IC,Adhaar Card བཅས་ཀྱི་ངོས་བཤུས

ཉེས་རྟོགས་ལས་ཁུངས་ཀྱི་སྒྲིག་སྲོལ་མི་འདྲ་བས་དགོས་མཁོ་ཡིག་ཆའང་མི་འདྲ་བ་ཡོང་སྲིད། གོང་གསལ་ཡིག་ཆ་ནང་གི་ཁ་ཤས་ལས། ཡང་ན་གཅིག་གཉིས་མ་གཏོགས་ཕུལ་མི་དགོས་པའང་ཡོང་གི་ཡོད། འདྲི་རྩད་ཀྱི་ཁ་པར་ཐེངས་གཅིག་གམ། ཡང་ན་ཐེངས་གཅིག་ལས་མང་བའང་གཏང་སྲིད་པ་རེད། དེ་ནི་ལས་ཁུངས་སོ་སོ་རག་ལས་ཡོད་པ་རེད། གང་ལྟར་གོང་གསལ་ཡིག་ཆ་རྣམས་གྲ་སྒྲིག་བྱེད་དགོས་ཀྱི་ཡོད། ཡིག་ཆ་དེ་དག་ཀྱང་དཀའ་ལས་ཁ་པོ་མ་རེད།

ཐུགས་སྣང་།

བཙན་བྱོལ་བོད་མི་མང་པོས་རྒྱ་གར་གྱི་མི་སེར་ལག་འཁྱེར་ཞུ་འདོད་ཡོད་ནའང་། སོ་སོའི་ IC ནང་ལ་དེ་སྔར་རྒྱལ་ཁབ་ཁག་ལ་སོང་བའི་ཐོངས་མཆན་ཡིག་གེ་མང་པོ་ཡོད་པས། དེ་དག་འཕྲོ་བརླག་འགྲོ་རྒྱུ་རེད་བསམ་པ་དང་། ཡང་ན་སོ་སོ་དེ་སྔར་IC བརྒྱུད་རྒྱལ་ཁབ་ཁག་ལ་སོང་ཟིན་པས། རྗེས་སུ་རྒྱལ་ཁབ་དེ་དག་ལ་འགྲོ་ཐུབ་མིན་སོགས་ཀྱི་ཐུགས་འཁྲེལ་ཡོད་པ་ཡིན། ཡིན་ནའང་། ཁྱེད་རང་གིས་ IC ཕྱིར་སྤྲོད་ཀྱིས་རྒྱ་གར་མི་སེར་ལག་འཁྱེར་ཞུས་པའི་ལག་འཁྱེར་དེའི་ནང་ཁྱེད་ཀྱི་IC གི་ཨང་གྲངས་གསལ་གྱི་ཡོད་ལ། ICདེ་དེ་སྔ་གང་དུ་བཟོས་ཡོད་པ་དང་། ལོ་དུས་གང་ལ་སྤྲད་ཡོད་པ་སོགས་གསལ་པ་བཀོད་ཡོད་པས། གོང་གསལ་ཐུགས་འཁྲེལ་ལྟར་རྩ་བ་ནས་བྱེད་མི་དགོས་པ་རེད། གལ་སྲིད་ཁྱེད་རང་གི་ICནང་ཐོངས་མཆན་ཡོད་ན་པ་དང་། དེ་སྔར་རྒྱལ་ཁབ་གཞན་དུ་ཕེབས་པའི་ལས་དམ་སོགས་ཡོད་ན། དེ་དག་པར་བཤུས་བྱེད་ནས་ཉར་དང་། རྗེས་སུ་ཕན་ཐོགས་ཆེན་པོ་ཡོང་སྲིད།

ལག་འཁྱེར་ལག་ཏུ་འབྱོར་དུས།

རྒྱ་གར་དབུས་ས་གཉིས་ཀྱི་ལས་ཁུངས་ནས་ཞིབ་དཔྱོད་བྱེད་དེ། ཁྱེད་རང་ལ་ལག་འཁྱེར་སྤྲོད་པའི་ཆ་རྐྱེན་ཡོངས་སུ་ཚང་པ་ཡིན་ན། སྒྲིག་གཞི་གཏན་འབེབས་ལྟར་ལས་ཉིན་ ༡༥ ནང་ཁྱེད་ཀྱི་འགེངས་ཤོག་ཐོག་གསལ་པའི་ཁ་བྱང་ཐོག་ལག་འཁྱེར་འབྱོར་ཡོང་། ས་གནས་ཁག་གི་འགྲིམ་འགྲུལ་དང་མཐུན་རྐྱེན་སོགས་མི་འདྲ་བས། ལས་ཉིན་ ༡༥ ལས་ཉུང་པ་དང་མང་བ་སོགས་ཅི་རིགས་ཡོང་སྲིད།  ཡིན་ནའང་། ཁྱེད་ཀྱིས་དེ་སྔར་དྲྭ་ལམ་འཛིན་བྱང་བཟོས་པའི་ཐོག་སོ་སོའི་ལག་འཁྱེར་སྐོར་གྱི་གནས་སྟངས་སྐོར་ལ་གཟིགས་ཞིབ་བྱེད་ཆོག

 

 

(Visited 1 times, 3 visits today)