དཔེར་ན།  བཀྲ་ཤིས་དང་ཟླ་བ་གཉིས་ནི་ཚོང་པ་ཡིན་པ་དང་། ཁོང་གཉིས་ཀས་ག་བྷི་གྲོང་ཁྱེར་ཚོང་རྭ་རུ་ཚོང་ཁང་རེ་གཉེར་གྱིས་ཡོད་པ་རེད། ཉིན་ཞིག་བཀྲ་ཤིས་ཀྱིས་སོ་སོའི་ཚོང་ཁང་ཡར་རྒྱས་གཏོང་འདོད་ཀྱིས། ཚོང་ཁང་ནང་ཚོང་རྫས་འདྲ་མིན་ནང་འདྲེན་བྱས་ཡོད་པས། མི་མང་པོ་ཞིག་བཀྲ་ཤེས་ཚོང་ཁང་ལ་སོང་ནས་ཚོང་རྫས་ཉོ་གི་ཡོད། དེས་ཟླ་བ་ཚོང་ཁང་གི་ཚོང་ལ་དོག་ཕོག་གཏོང་ཡོད་པས། ཟླ་བ་རླུང་ལངས་ནས་བཀྲ་ཤིས་ལ་བརྡུང་རྡེག་བྱས་ཡོད་པ་རེད།

བཀྲ་ཤིས་ཀྱིས་མགྱོགས་པོར་ཉེས་རྟོགས་ལས་ཁུངས་ལ་ཐོག་མའི་བརྡ་ཐོ་(FIR)ཕུལ་ཡོད་པ་དང་། ཉེས་རྟོགས་པས་ཀྱང་གྱོད་གཞི་དེ་ས་གནས་ཁྲིམས་ཁང་དུ་དེབ་བསྐྱེལ་བྱེད་འགོ་བརྩམས། ས་གནས་དེར་ཡོད་པའི་ཟླ་བའི་ཨ་ཞང་གིས་དེ་ནི་ཟླ་བ་ལ་གྱོང་གོད་ཕོག་ཉེས་ཆེ་བའི་དོན་དག་ཅིག་ཡིན་པར་མཐོང་ནས། ཟླ་བ་དང་གྲོས་མོས་ཀྱིས་བཀྲ་ཤིས་ལ་དགོངས་དག་ཞུ་རྒྱུའི་ཐག་བཅད། བཀྲ་ཤིས་ཀྱིས་ཀྱང་དོན་དག་དེ་ཉིད་ཆེ་རུ་གཏོང་ན་རང་གཞན་གཉིས་ཀ་ལ་དཀའ་ལས་བཟོ་ཉེས་ཆེ་བར་མཐོང་ཏེ། ཕྱོགས་ཕན་ཚུན་གྲོས་མཐུན་འདུམ་སྒྲིག་(Compromise)བྱེད་རྒྱུར་ཐག་བཅད།

གྱོད་གཞི་འདིའི་ནང་བཀྲ་ཤིས་ནི་ཞུ་གཏུག་པ་ཡིན་པ་དང་། ཟླ་བ་ནི་ཉེས་གཟུག་་པར་འགྱུར་ཡོད།

གནད་དོན་གཙོ་བོར་ཉེས་རྟོགས་ལས་ཁུངས་ནས་ཐོག་མའི་བརྡ་ཐོ(FIR)རྩིས་མེད་གཏོང་དགོས་པ་དེ་རེད།

ཇི་ལྟར་བྱེད་དགོས།

1. སྤྱིར་རྩོད་རྙོག་གང་ཞིག་ཡིན་ནའང་། ཉེས་རྟོགས་ལས་ཁུངས་སུ་ཐོག་མིའི་བརྡ་ཐོ་ཕུལ་ཚར་རྗེས། ཉེས་རྟོགས་ལས་ཁུངས་ལ་ཐོག་མིའི་བརྡ་ཐོ་རྩིས་མེད་གཏོང་པའི་དབང་ཆེ་མེད་པ་རེད། དེ་ནི་ཁྲིམས་ཁང་བརྒྱུད་བྱེད་དགོས་པའི་གནས་དོན་ཞིག་རེད།

2. གྲོས་མཐུན་འདུམ་སྒྲིག་གམ་ནང་སྒྲིག་བྱེད་པའི་སྙན་ཞུ་ཕུལ་པའི་འོས་འགན་གཙོ་བོར་ཉེས་གཟུག་་པ་ལ་ཡོད་པ་ལས་ཞུ་གཏུག་པར་མེད།

3. གྲོས་མཐུན་འདུམ་སྒྲིག་གམ་ནང་སྒྲིག་བྱེད་ཆོག་པའི་ཆོག་མཆན་དང་བཀའ་ཁྱབ་དེ་ཉིད་ས་གནས་ཁྲིམས་ཁང་(Trial court)ནས་གཏོང་ཆོག་པའི་ནུས་པ་མེད།

4. གྲོས་མཐུན་འདུམ་སྒྲིག་གམ་ནང་སྒྲིག་བྱེད་ཆོག་པའི་ཆོག་མཆན་དང་བཀའ་ཁྱབ་ནི་མཐོ་རིམ་ཁྲིམས་ཁང་(High Court)ནས་སྤྲོད་དགོས།

སྙན་ཞུ་འཕུལ་སྟངས།

1. ཉེས་གཟུག་པ་ངོས་ནས་མཐོ་རིམ་ཁྲིམས་ཁང་ལ་སྙན་ཞུ་(petition)ཕུལ་དགོས།

2. ཞུ་གཏུག་པ་ངོས་ནས་ཀྱང་ཕུལ་འདོད་ཡོད་ན་ཟུར་ཏུ་ཕུལ་ཆོག

མཐོ་རིམ་ཁྲིམས་ཁང་ནས་ཐོག་མིའི་བརྡ་ཐོ་(FIR)རྩིས་མེད་གཏོང་ཆོག་པའི་ཆོག་མཆན་དང་གྲོས་མཐུན་འདུམ་སྒྲིག་བྱེད་ཆོག་པའི་བཀའ་ཁྱབ་གཏོང་པའི་ཉིན་དེ་ནས་གྱོད་གཞི་དེ་མེད་པར་ཆགས་འགྲོ་གི་རེད།

 

(Visited 18 times, 1 visits today)