དེང་གི་ཆར་གན་རྒྱ་ཡིག་གེ་ནི་ལས་དོན་མང་པོ་ཞིག་དང་འབྲེལ་བ་ཡོད་པ་དང་། དཔེར་ན་སྤྱི་སྒེར་སུ་ཡིན་རུང་ཕན་ཚུན་ཚོང་རྒྱག་པ་དང་། ལས་ཀ་གང་རུང་དུ་ཆོད་གན་གྱིས་ལས་དོན་གཉེར་པ། ཁང་བདག་དང་ཁང་གླ་བྱེད་མཁན་གཉིས་ཀྱི་བར་གན་རྒྱ་བཞག་པ་སོགས་མང་པོ་ཡོང་གི་ཡོད་པ་རེད། གན་རྒྱ་ཡིག་གེ་ནི་ཕྱོགས་ཕན་ཚུན་ལ་ཕྱིན་ཆེད་རྙོག་གླེང་མི་ཡོང་པ་དང་། ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཐུབ་པའི་ཁྲིམས་མཐུན་གྱི་ཡིག་ཆ་ཞིག་རེད། གལ་སྲིད་ཕྱོགས་གཅིག་ནས་ཁྲིམས་མཐུན་གྱི་གན་རྒྱ་ཡིག་གེ་དེར་རྩིས་མེད་གཏོང་པར་བྱུང་ན། ཡང་ན་ནང་གསལ་ཆ་རྐྱེན་ལ་དོག་འགལ་གཏོང་པ་ཡིན་ན། ཁྲིམས་ཁང་ནང་ཞུ་གཏུགས་བྱེད་ཆོག་པའི་ཐོབ་ཐང་ཡོད་པ་རེད་ལ། ཁྲིམས་ཁང་གིས་ཀྱང་གནོད་སྐྱོན་ཕོག་པའི་དོ་བདག་ལ་སྲུང་སྐྱོབ་བྱེད་ཐུབ་ཀྱིས་ཡོད་པ་རེད། ཁྲིམས་མཐུན་གན་རྒྱ་ཞེས་པ་དེ་ཇི་ལྟར་ཡིན་མིན་སྐོར་བོད་པ་མང་པོས་མཁྱེན་རྟོགས་མེད་པས། ཚང་མར་ངོ་སྤྲོད་མདོ་བསྡུས་ཤིག་བྱེད་པ་གཤམས་གསལ།

དཔེར་ན།
ཟླ་བ་ལགས་ནི་ཚོང་ཁང་ཞིག་གི་བདག་པོ་ཡིན་པ་དང་། ཁོང་གིས་ནམ་རྒྱུན་ཕྱི་ལོགས་ནས་ཚོང་བཟོ་ཉོ་གི་ཡོད་པ་རེད། ཉི་མ་ལགས་ནི་སོ་སོའི་གདན་ཐག་གི་བཟོ་གྲྭ་ཆུང་ཆུང་ཞིག་གཉེར་ནས་འཚོ་ཐབས་བྱེད་ཀྱིས་ཡོད་པས། ཉིན་ཞིག་ཟླ་བ་ལགས་ཀྱིས་ཉི་མ་ལགས་ལ་ཆེ་ཆུང་ ༥།༦ ཡིན་པའི་བྱ་འབྲུག་ཁ་སྤྲོད་ཀྱི་ཁ་གདན་ཆ་བརྒྱ་ཉོ་རྒྱུ་ཡིན་པ་དང་། ཁ་གདན་རེ་ལ་ཧིན་སྒོར་༣༠༠༠༠སྤྲད་རྒྱུ་ཡིན་པའི་བསམ་འདུན་(Offer)སྟོན་ཡོད་པ་དང་། ཉི་མ་ལགས་ཀྱིས་དེ་ནི་སོ་སོའི་ཚོང་བཟོ་ཕྱིར་བཙོང་བྱེད་པར་ཕན་ཐོགས་དང་ཁེ་ཕན་ལྡན་པའི་བྱ་བ་ཞིག་ལ་ངོས་འཛིན་བྱེད་ནས།ཁོང་གིས་ཟླ་བ་ལགས་དང་ངོ་ཐུག་གིས་ཚོང་དོན་དེ་ཐག་གཅོད་བྱེད་རྒྱུ་བྱས།

ཕྱི་ལོ་༢༠༡༦ལོའི་ཟླ་༦པའི་ཚེས་༦ཉིན་ཁོང་གཉིས་ཁ་བ་དཀར་པོའི་གསོལ་མགྲོན་ཁང་དུ་ངོ་ཐུག་བྱུང་ཡོད་པ་དང་། ཟླ་བ་ལགས་ཀྱིས་བྱ་འབྲུག་ཁ་སྤྲོད་ཀྱི་ཁ་གདན་བརྒྱ་ཐམས་པ་དེ་ནས་ཕྱི་ལོ་་ ༢༠༡༧ ཟླ་ ༤ པའི་ཚེས་ ༥ ་ཉིན་ཁ་གདན་ལྔ་བཅུ་ཚར་དགོས་པ་དང་། དེ་ཡང་ཚང་མ་བྱ་འབྲུག་ཁ་སྤྲོད་རང་ཡིན་དགོས་པ་དང་། ལྷག་མ་དེ་ཚོ་ཕྱི་ལོ་ ༢༠༡༧ ལོའི་ཟླ་་༨ ཚེས་༥ ཉིན་ཚར་ན་འགྲིག་པ་དང་། ཁ་གདན་གྱི་ཆེ་ཆུང་ཡང་ ༥།༦ ་ལས་ཆེ་ཆུང་ཤོར་མི་མཆོག་པ་དང་། རྒྱུ་ཆ་ལུག་གི་བལ་རང་གཏོང་དགོས་པ་དང་། ཁ་གདན་བཟོ་ཚར་རྗེས་འབོར་འདྲེན་གྱི་འགན་དབང་ཆ་ཚང་ཉི་མ་ལ་ཡོད་པ་སོགས་ཆ་རྐྱེན་སྟོན་པ་མ་ཟད། གལ་སྲིད་གོང་གསལ་ཆ་རྐྱེན་གཅིག་ལ་དོག་འགལ་བྱུང་ན་ཉི་མ་ལགས་ནས་ཟླ་བ་ལགས་ལ་ཧིན་སྒོར་ ༥༠༠༠༠ གྱོང་སྲབ་སྤྲོད་དགོས་པ་གསུངས་པར་། ཉི་མ་ལགས་ཀྱིས་མོས་མཐུན་བྱུང་ནས་སྐབས་དེར་གན་རྒྱ་ཡིག་གེ་ཞིག་བཞག་ཡོད་པ་རེད།ཕྱིས་སུ་ཟླ་བ་ལགས་ཀྱིས་ལུག་བལ་དམ་མ་ལས་བཟོ་པའི་ཆེ་ཆུང་༥།༦ཡིན་པའི་བྱ་འབྲུག་ཁ་སྤྲོད་ཀྱི་ཁ་གདན་༤༩དང་བྱ་སེང་ཁ་སྤྲོད་ཀྱི་ཁ་གདན་གཅིག་བཅས་ཁ་གདན་ལྔ་བཅུ་དུས་ཐོག་ཕུལ་ཡོད་པ་རེད། ཟླ་བ་ལགས་ཀྱིས་དེ་ནི་ཉི་མ་ལགས་ཀྱིས་གན་རྒྱ་ཡིག་གེ་ལ་དོག་འགལ་བྱས་ཡོད་ཙང་།ཧིན་སྒོར་༥༠༠༠༠གྱོང་སྲབ་ཏུ་སྤྲོད་དགོས་ཞེས་བཤད་པ་རེད། ཉི་མ་ལགས་ཀྱིས་ཤི་ཡང་དེ་ལ་ཁས་ལེན་ཐབས་མེད་ཟེར།མཐར་ཁྲིམས་ཁང་ནང་འགྲོ་རྒྱུ་ཡིན་པར་ཐག་བཅད།

ཉི་མ་ལགས་ཀྱིས་གན་རྒྱ་ཡིག་གེ་ལ་དོག་འགལ་གཏོང་ཡོད་དམ། (དྲི་བ་འདི་རྒྱ་ཆེའི་དྲ་གྲོགས་རྣམས་ལ་ཡིན)

སྤྱིར་ཁྲིམས་མཐུན་གྱི་གན་རྒྱ་ཡིག་གེ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཁག་གཤམས་གསལ།
1. བསམ་འདུན་(Offer)དང་དང་ལེན་(Acceptance )དགོས་པ།
2. ཕན་ཚུན་གན་རྒྱ་བཞག་པའི་ཆོད་སེམས་གཙང་མ་དགོས་པ
3. གན་རྒྱ་བྱེད་ཡུལ་གྱི་རན་བབས་ཁ་གསལ་དགོས་པ།
4. ཕན་ཚུན་གན་རྒྱ་འཇོག་ཐུབ་པའི་ནུས་པ་དགོས་པ
5. ཕྱོགས་གཉིས་པ་ཁ་གསལ་གཏིང་གསལ་གྱི་གྲོས་བསྡུར་དང་མོས་མཐུན་དགོས་པ།
6. གན་རྒྱ་འཇོག་ཡུལ་དེ་ཁྲིམས་མཐུན་ཡིན་དགོས་པ་བཅས་སོ།

(Visited 43 times, 1 visits today)