བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༦ ཚེས་ ༢༩ ཉིན་བཙན་བྱོལ་བོད་མིའི་ཁྲིམས་ལུགས་རིག་པ་བ་གྲངས་ ༤༠ ལྷག་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དུ་མཇལ་བཅར་བྱུང་བའི་སྐལ་བཟང་གི་ཉིན་མོ་དང་། ༧མགོན་པོ་༧གང་གི་བཀའ་སློབ་ལམ་སྟོན་བཞིན་གསར་འཛུགས་བྱས་ཡོད་པ་དང་། ཚོགས་པ་འདི་ཉིད་ཁྲིམས་མཐུན་གྱི་དེབ་བསྐྱེལ་བྱས་ཟིན་པ་མ་ཟད། སྤྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡ ཉིན་བཞུགས་སྒར་དྷ་རམ་སར་དངོས་སུ་ལས་ཁུངས་འཛུགས་པ་ནས་ད་བར། ཁྲིམས་དོན་གྱི་དཀའ་ངལ་འཕྲེད་པའི་བོད་མི་མང་པོ་ལ་རན་མེད་རོགས་པ་བྱས་ཡོད་པ་དང་། ལྷོ་ཕྱོགས་བོད་གཞིས་ཆེ་ཁག་གསུམ་ལ་ཁྲིམས་དོན་བཀའ་ངལ་སོགས་ལ་རྟོགས་ཞིབ་དང་ལམ་སྟོན་བྱས་ཡོད་པ་མ་ཟད། བོད་ཕྲུག་ཁྱིམ་ སྡེའི་ཡན་ལག་སློབ་གྲྭ་དྲུག་གི་སློབ་མ་ཁྱོན་གྲངས་ ༢༠༠༠ ཙམ་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་ཡོད། ལོ་འདིའི་ཟླ་ ༡༡ པའི་ཚེས་ ༧ ནས་ ༡༡ བར་དྷ་རམ་སའི་ཁྱབ་ཁོངས་ཀྱི་བཙུན་མགོན་ཁག་ལྔ་དང་མཁྱོན་བཙུན་མ་གྲངས་ ༣༠༠ ལྷག་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་ཡོད། དེས་མ་ཚད། སྤྱི་ཚོགས་དྲ་ལམ་བརྒྱུད་གཞིས་བཞུགས་བོད་མི་གང་མང་ལ་རྒྱ་ནག་དང་རྒྱལ་སྤྱིའི་ཁྲིམས་ལུགས། ཁྲིམས་ལུགས་དབང་འཛིན་གྱི་གལ་ཆེན་རང་བཞིན་སོགས་སུ་གོ་རྟོགས་མི་དམན་པར་སྤེལ་ཡོད། བོད་དོན་དང་འབྲེལ་བའི་ཁྲིམས་ལུགས་ཀྱི་ཉམས་ཞིབ་སོགས་ཀྱང་བྱས་དང་བྱེད་མུས་ཡིན།

ཚོགས་པ་འདི་ཉིད་ནི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་པ་མ་ཟད། རིན་མེད་ཀྱི་ཞབས་ཞུ་གཙོ་བོར་བཟུང་བའི་ཚོགས་པ་ཞིག་ཡིན་ལགས་ན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་འོག་བོད་ཀྱི་ཐེབས་རྩ་(The Tibet Fund)དང་མཚོ་པདྨ་ཚོགས་པ་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་ཚོགས་པས་༧གོང་ས་མཆོག་གི་བཀའ་བཞིན་ཞབས་ཞུ་ཞུ་ཐུབ་པ་བྱུང་ཡོད།

ད་ལྟའི་ལས་ཁུངས་སུ་ཡོད་པའི་ལས་བྱེད།

  1. བློ་བཟང་གྲགས་པ། ཁྲིམས་རྩོད་པ་དང་ཚོགས་གཙོ།
  2. བསྟན་འཛིན་བདེ་ཆེན། ཁྲིམས་རྩོད་པ་དང་དྲུང་ཆེ།
  3. བསོད་ནམས་བུ་ཁྲིད། རྩིས་པ་དང་དངུལ་གཉེར་གཅིག་ལྕོགས།
  4. བསྟན་འཛིན་གཡང་འཛོམས། ལས་བྱེད།