ལྷོ་ཀོ་རི་ཡའི་སྲིད་འཛིན་མོན་ཅེ་ཡེན་(Moon Jae-in)གྱིས་རེས་གཟའ་པ་སངས་ཉིན་ཁོང་གིས་སྲིད་འཛིན་ཟུར་པ་ལྕམ་དཔའ་ཇེན་ཡེ་(Park Geun-hye) ལ་ཁྲིམས་གཅོད་ཆག་ཡང་གཏོང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་ཡོད།

ལྕམ་དཔའ་ཇེན་ཡེ་ནི་དགུང་གྲངས་ ༦༩ ཡིན་པ་དང་། ཁོང་ནི་ད་ཐེངས་སྲིད་འཛིན་མོན་ཅེ་ཡེན་མཆོག་གིས་ཆག་ཡང་གཏོང་པའི་ཉེས་ཅན་མི་གྲངས་ ༣༠༩༤ ནང་གི་གཅིག་ཡིན་པ་རེད། སྲིད་འཛིན་མཆོག་གི་གསུང་དོན་ལ། ཐེངས་འདིར་ཉེས་ཅན་དེ་དག་ལ་ཆག་ཡང་གཏོང་དགོས་དོན་གཙོ་བོ་ནི། ལྷོ་ཀོ་རི་ཡའི་མི་དམངས་ནང་ཁུལ་རྡོ་རྩ་ཆིག་སྒྲིལ་ཡོང་པ་དང་། མི་དམངས་ཡོངས་ཀྱི་བློ་སེམས་གཅིག་མཐུན་གྱི་སོ་སོའི་རྒྱལ་ཁབ་ཀྱི་འཛུགས་བསྐྲུན་ཡར་རྒྱས་གཏོང་པར་འབད་བརྩོན་བྱེད་རྒྱུ་ཐུགས་རེ་ཡོད་སྐོར་གསུངས།

ཕྱི་ལོ་ ༢༠༡༧ ལོ་ལྷོ་ཀོ་རི་ཡའི་གྲོས་ཚོགས་ཀྱིས་སྲིད་འཛིན་ཟུར་པ་ལྕམ་དཔའ་ཇེན་ཡེ་སྲིད་འཛིན་ནས་འཕོ་འགྱུར་བཏང་པ་དང་། དེ་ནི་ལྷོ་ཀོ་རི་ཡའི་ལོ་རྒྱུས་ནང་སྲིད་འཛིན་འཕོ་འགྱུར་གཏོང་པ་དང་པ་དེ་ཆགས་ཡོད། ཕྱི་ལོ་ ༢༠༡༨ ལོར་སྲིད་འཛིན་ཟུར་པ་ལྕམ་དཔའ་ཇེན་ཡེ་ཡིས་སོ་སོའི་དགའ་ཉེ་དང་འབྲེལ་ཁ་པར་བཟོ་གྲྭ་སེན་སངས་དང་ལོ་ཊི་སོགས་ནས་ལྐོགས་ཟ་ཕོན་ཆེན་བྱས་ཡོད་པའི་ནག་ཉེས་འོག་འགྲིན་རིམ་ཁྲིམས་ཁང་གིས་ཁོང་ལ་ལོ་ ༢༥ ཡི་ཁྲིམས་ཐག་བཅད་ཡོད་མོད། ཕྱི་ལོ་ ༢༠༢༡ ལོར་ཆེས་མཐོའི་ཁྲིམས་ཁང་གིས་ལོ་ ༢༠ བཟོས་ཡོད།

ཉེ་བའི་ཆར་ལྕམ་དཔའ་ཇེན་ཡེ་ལགས་གཟུགས་ཁམས་བདེ་མིན་གྱིས་སྨན་ཁང་ནང་ཡང་སེ་འགྲོ་དགོས་བྱུང་ཡོད་པ་དང་། དཔུང་པ་དང་སྒལ་ཚིགས་སོགས་ལ་དཀའ་ངལ་བྱུང་ཏེ་གཤག་བཅོས་ཀྱང་ཐེངས་ཁ་ཤས་བཏང་དགོས་བྱུང་པ་རེད། ད་བར་ཁོང་བཙོན་ཁང་དུ་ལོ་བཞི་དང་ཟླ་དགུ་རིང་བཞུགས་ཡོད་པ་རེད། ལྷོ་ཀོ་རི་ཡའི་ད་ལྟའི་སྲིད་འཛིན་མཆོག་གི་ཐུགས་བརྒྱུད་དང་མི་རིགས་མཐུན་སྒྲིལ་གལ་གནད་ཆེ་ཤོས་རྩིས་པའི་ཐག་གཅོད་ལ་བརྟེན། ཁོང་འདི་ལོ་ཟླ་ ༡༣ ཚེས་ ༣༡ ཉིན་བཙོན་གྲོལ་ཐུབ་རྒྱུ་རེད་འདུག

 

 

(Visited 1 times, 1 visits today)