ཚོགས་འདུའི་ཐོག་ཚོགས་གཙོ་དང་དྲུང་ཆེ་གཉིས

ཨ་རིར་གཏན་གཞི་བྱེད་ཅིང་རྒྱ་རིགས་མཁས་དབང་ཡང་ཅེན་ལིས་ཀྱིས་འཛུགས་བའི་རྒྱ་ནག་སྤྱི་མང་གི་སྟོབས་ཤུགས་(Initiative for China)ཞེས་པའི་ཚོགས་པ་འདིས་ལོ་ལྟར་རྒྱལ་ཁབ་འདྲ་མིན་དུ་མི་རིགས་འདྲ་མིན་གྱི་ན་གཞོན་འགོ་འཁྲིད་གཟབ་སྦྱོང་ཚོགས་འདུ་ཞིག་ཚོགས་དང་ཚོགས་མུས་ཡིན་པ་དང་། ད་ལོ་ཚོགས་འདུ་འདི་ཉིད་ཕྱི་ལོ་༢༠༡༧ཟླ་༡༡ཚེས་༡༤ ནས་༡༧བར་ཉིན་བཞིའི་རིང་ཉི་ཧོང་རྒྱལ་ས་ཀྲོ་ཡོར་དུ་ཚོགས་གཏན་འཁེལ་པ་དང་། ཚོགས་འདུ་དེའི་ཐོག་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གཉིས་གདན་འདྲེན་ཞུས་ཡོད་པ་རེད། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ལས་དོན་དེ་ཉིད་འཛམ་གླིང་གང་ས་ནས་ཡོང་བའི་སྐྱེ་བོ་མང་པོས་ཤེས་པ་དང་། འཛམ་གླིང་ནང་གི་ཚོགས་སྡེ་གང་མང་དང་འབྲེལ་ལམ་འཛུགས་པ་དང་། བོད་ཀྱི་ཁྲིམས་དོན་གནས་སྟངས་དེ་དག་རྒྱལ་སྤྱིའི་རང་བཞིན་གྱི་ལྡིང་ཆ་ཐོག་ངོ་སྤྲོད་དང་བོད་ལ་དོན་དམ་གྱི་རོགས་སྐྱོར་གང་མང་བཙལ་ཆེད། ཁྲིམས་ལུགས་ཚོགས་པའི་རྒྱུན་ལས་ཚོགས་འདུའི་ཐོག་ཕྱིན་ཆད་ཕྱི་རྒྱལ་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་དགོས་ཚེ། གནམ་གྲུའི་འགྲོ་གྲོན་ཕྱེད་ཀ་ཚོགས་པ་ནས་གཏོང་རྒྱུ་དང་ཕྱེད་ཀ་དོ་བདག་སྒེར་གྱིས་གཏོང་རྒྱུ་དང་། དེ་མིན་འགྲོ་སོང་གཞན་གང་ཡོད་དོ་བདག་སོ་སོ་ནས་གཏོང་དགོས་རྒྱུ་ཡིན་པ་སོགས་ཀྱི་ཐག་གཅོད་བྱུང་པ་དང་། ད་ཐེངས་ཚོགས་གཙོ་དང་དྲུང་ཆེ་གཉིས་ཀྱང་ཐག་གཅོད་དེའི་དགོངས་དོན་བཞིན། ཉི་ཧོང་ལ་གཞུང་འབྲེལ་ཕྱོགས་བསྐྱོད་ལ་སོང་ཡོད་པ་རེད།

ཕྱི་ལོ་༢༠༡༧ཟླ་༡༡ཚེས་༡༢ ཉིན་གྱི་ཕྱི་དྲོ་ཕྱག་ཚོད་༦།༠༠པའི་ཐོག་ཚོགས་གཙོ་བློ་བཟང་གྲགས་པ་དང་དྲུང་ཆེ་ཀུན་བཟང་སྟོབས་ལྡན་གཉིས་བྷེ་གྲིས་(Bedi Bus)སྤྱི་སྤྱོད་རླངས་འཁོར་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལི་ལ་ཐོན་པ་དང་། ཚེས་༡༣ཕྱོགས་པ་སྔ་མོར་ལྡི་ལི་བསམ་གཡས་གླིང་དུ་འབྱོར། དེ་ནས་མཚོ་པདྨ་མགོན་ཁང་ཁང་མིག་ཨང་༢༠༢ནང་ངལ་གསོའི་ཚུལ་དུ་བསྡད་པ་དང་། སྔ་དྲོ་ཕྱག་ཚོད་༡༠།༠༠པའི་ཐོག་ཞོགས་བཟས་ཟ་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁོངས་རྒྱ་ཡིག་སྡེ་ཚན་འགན་འཛིན་བསྟན་འཛིན་དོན་ལྡན་ལགས་དང་ལས་བྱེད་འཇམ་དབྱངས་ལགས་གཉིས་དང་མཉམ་དུ་རྒྱ་གར་རྒྱལ་སར་ཉི་ཧོང་ཕྱི་བསྐྱོད་ལག་འཁྱེར་ལེན་དུ་སོང་། ཉིན་དགོང་ཙམ་ལ་ང་ཚོའི་ཕྱི་བསྐྱོད་ལག་འཁྱེར་ལེན་ནས་སེང་གེ་འགྲེམ་འགྲུལ་ལས་ཁང་བརྒྱུད་གནམ་གྲུའི་འཛིན་ཤོག་ཉོས་པ་ཡིན།

ཚེས་༡༣ཉིན་གྱི་ཉིན་བརྒྱབ་ཕྱག་ཚོད་༤།༣༠ཐོག་ལྡི་ལི་བསམ་གཡས་གླིང་ནས་ལྡི་ལི་རྒྱལ་སྤྱིའི་གནམ་ཐང་ལ་གླ་འཁོར་བརྒྱུད་ཐོན་པ་དང་། ཕྱག་ཚོད་༨།༤༥ཙམ་ལ་ཉི་ཧོང་གམམ་གྲུ་བརྒྱུད་ཉི་ཧོང་ལ་ཐོན་པ་ཡིན། ཚེས་༡༤ཞོགས་པ་སྔ་མོར་ཉི་ཧོང་ན་རི་ཏཱ་རྒྱལ་སྤྱིའི་གནམ་ཐང་དུ་བདེ་བར་འབྱོར་པ་དང་། སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་དང་ལས་བྱེད་འཇིག་མེད་ལགས་གཉིས་གནམ་ཐང་དུ་ཕེབས་བསུར་བཅར་འདུག དེ་ནས་སྤྱི་སྤྱོད་འཕྲུལ་འཁོར་བརྒྱུད་ཚོགས་འདུ་ཚོགས་ཡུལ་གྱི་ས་ཆར་དེ་སོང་པ་ཡིན། ཐེངས་འདིའི་ཚོགས་འདུ་ཚོགས་ཡུལ་དང་ཚོགས་བཅར་བ་རྣམས་གཞུགས་ས་སོགས་ཚང་མ་ས་ཚུགས་གཅིག་ཏུ་ཡིན་པ་དང་། དེ་ཡང་ཐོན་རྐྱེན་ཚང་ཞིང་ཁོར་ཡུག་བཟང་བ་ཞིག་ཏུ་རེད་འདུག ང་ཚོས་སྣེ་ལེན་ལས་ཁུངས་སུ་འབྱོར་ཐོ་འཁོད་ཚར་པ་དང་སྡོད་ཤག་ཏུ་སོང་ནས་ངལ་གསོ་བརྒྱབ་པ་ཡིན།

ཉིན་དེའི་དགོང་མོར་ཕྱག་ཚོད་༧།༠༠་ལྷག་ལ་ཚོགས་ཁང་དུ་ཚོགས་འདུའི་དབུ་འབྱེད་མཛད་སྒོ་ཚོགས་ཡོད་པ་དང་། འཛམ་གླིང་ཡུལ་གྲུ་འདྲ་མིན་ནས་ཡོང་པའི་མང་གཙོ་དོན་གཉེར་བ་དང་། བོད་དང་སོག་པོ། ཡུ་གོར་དང་ཤར་ཏི་ཀི་སི་ཐེན་སོགས་མི་རིགས་འདྲ་མིན་ནས་ཡོང་པའི་ལས་འགུལ་བ་མང་པོ་ཕེབས་ཡོད་པ་དང་། ཨོ་སི་ཏྲི་ལི་ཡ་དང་ཉི་ཧོང་གྲོས་ཚོགས་འཐུས་མི་དང་ཐེ་ཝེམ་མང་གཙོའི་ཐེབས་རྩ་དང་ཨ་རིའི་མང་གཙོའི་ཐེབས་རྕ་འཐུས་མི་སོགས་ཚོགས་བཅར་བ་ལ ༥༠ལྷག་ཕེབས་འདུག དབུ་འབྱེད་མཛད་སྒོའི་ཐོག བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་ངོས་ནས་ཚོགས་འདུ་འདིའི་མཉམ་འབྲེལ་གོ་སྒྲིག་པ་ཞིག་ཡིན་པའི་ཆ་ནས་དབུ་འབྱེད་ཀྱི་དགའ་བསུའི་གཏམ་བཤད་གནང་ཡོད་པ་རེད།

ཚེས་༡༥ཉིན་གྱི་ཞོགས་པ་ཕྱག་ཚོད་༩།༠༠་ནས་དགོང་མོའི་ཕྱག་ཚོད་༡༠།༠༠བར་མཁས་དབང་ཁག་གི་རང་དབང་དང་མང་གཙོ། རྒྱ་ནག་གི་འདས་དང་ད་ལྟའི་གནས་བབས་དང་། མ་འོངས་ཁ་ཕྱོགས་སོགས་ཀྱི་ཐད་བགྲོ་གླེང་དང་གསུང་བཤད་གནང་ཡོད་པ་དང་། ཉིན་བརྒྱབ་ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་ཀྱིས་གོ་སྒྲིག་ཞུས་པ་ལྟར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་སོགས་ཐུག་འཕྲད་བྱས་ཡོད་པ་དང་། ཁོང་རྣམ་པར་བོད་དོན་ཐད་རྒྱབ་སྐྱོར་བྱས་དང་བྱེད་མུས་ཡིན་པར་ཡི་རངས་བསྔོགས་བརྗོད་བྱས་ཡོད་པ་དང་། བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་དམིགས་ཡུལ་དང་ལས་གཞི་སོགས་ཀྱི་སྐོར་འགྲེལ་བརྗོད་བྱས་ཡོད་ལགས་ན། ཉི་ཧོང་གྲོས་ཚོགས་འཐུས་མི་སོགས་ཀྱིས་ཀྱང་ཡི་རངས་བསྔགས་བརྗོད་གནང་སོང་།

ཚེས་༡༦ཉིན་གྱི་སྔ་དྲོ་དྲ་རྒྱ་འགོག་སྲུང་སྐོར་གྱི་གཟབ་སྦྱོང་གནང་པ་དང་། དེ་ནས་ཉིན་དགོང་ཕྱ་ཚོད་༢་པ་ཙམ་ནས་ཉི་ཧོང་གྲོས་ཚོགས་སུ་གཟིགས་སྐོར་དང་། གྲོས་ཚོགས་ཚོགས་འདུ་ཁང་དུ་བཅར་ནས་ཉི་ཧོང་གྲོས་ཚོགས་ཚོགས་འདུ་ཁང་དུ་མང་གཙོ་དང་རྒྱ་ནག་གི་ད་ལྟའི་གནས་བབས་སོགས་སུ་ཚོགས་འདུ་བསྐོངས་ཚོགས་བྱས་ཡོད་པ་རེད། ཚོགས་འདུའི་ཐོག་ཉི་ཧོང་གི་གྲོས་ཚོགས་འཐུས་མི་མང་པོ་ཕེབས་ཡོད་པ་དང་། རྒྱ་ནག་མི་སེར་སྟོབས་ཤུགས་ཞེས་པའི་ཚོགས་པ་དེའི་ཚོགས་གཙོ་ཡང་ཅེན་ལིས་ནས་ཀྱང་ཁོང་གི་རྒྱ་ནག་གི་ད་ལྟའི་གནས་བབས་དང་མ་འོངས་འཕོ་འགྱུར་སོགས་ཀྱི་ཐད་གཏམ་བཤད་བསྐྱངས་ཡོད་པ་རེད།

ཚེས་༡༧ཉིན་ཚོགས་བཞུགས་བ་ལྷན་རྒྱས་ཐོག་མཇུག་བསྡོམས་ཀྱི་མཛད་སྒོ་ཚོགས་ནས། ཐེངས་འདིའི་ཉི་ཧོང་ནང་བསྐོངས་ཚོགས་གནང་བའི་ཚོགས་ཆེན་དེ་རྒྱལ་ཁའི་ངང་མཇུག་སྒྲིལ་སོང་།

 

 

 

 

 

(Visited 1 times, 1 visits today)