༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁྲིམས་ལུགས་དབང་འཛིན་ཧ་ཅང་གལ་ཆེན་པོ་ཡིན་པ་དང་བོད་པའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་པ་ནི་ཤིན་ཏུ་ནས་གལ་ཆེ་བའི་ལས་དོན་ཞིག་ཡིན་ཞེས་གསུངས་པ་ལྟར།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་བོད་པའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་གོང་མཐོར་གཏོང་པ་དང་། བཙན་བྱོལ་བོད་མི་རྣམས་ལ་ཁྲིམས་དོན་གྱི་དཀའ་ངལ་མེད་པ་དང་ཉུང་དུ་གཏོང་བའི་ཆེད་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་འགུལ་འདྲ་མིན་བརྩམས་དང་བརྩམ་མུས་ཡིན་པ་རེད།

ཕྱི་ལོ་༢༠༡༦ལོའི་ཟླ་༡༡ཚེས་༧་ནས་༡༡ཉིན་ལྔའི་རིང་དྷ་རམ་སའི་ཉེ་འཁོར་ཏུ་ཡོད་པའི་བོད་པའི་བཙུན་དགོན་ཁག་བཞི་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་པ་དང་། ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་དང་། ཁྲིམས་རྩོད་པ་ཀུན་བཟང་སྟོབས་ལྡན་ལགས། ཁྲིམས་ལུགས་རིག་པ་བ་བདེ་སྐྱིད་དཔལ་སྒྲོན་ལགས། ཁྲིམས་ལུགས་རིག་པ་བ་ཡ་མ་ཆོས་འཛོམས་སོགས་ཀྱིས་གཙོ་བོར་རྒྱ་གར་ཁྲིམས་ལུགས་འོག་བུད་མེད་ལ་ཐོབ་ཐང་ཇི་ཡོད་དང་། བུད་མེད་ཀྱིས་རང་ཉིད་ཁྲིམས་ལུགས་བརྒྱུད་སྲུང་སྐྱབས་བྱེད་དགོས་མིན། བཙན་བྱོལ་བོད་མའི་ཁྲིམས་ལུགས་གནས་བབས་ཇི་ལྟར་ཡིན་མིན་དང་། བཙན་བྱོལ་བོད་མི་རྣམས་ལ་ངེས་མཁོ་ཡིག་ཆ་སྟེ་སྐྱབས་བཅོལ་ལག་དེབ།(RC)ཕྱི་བསྐྱོད་ལག་དེབ།(IC) དང་ལངས་བཅའ་དངུལ་ལག་དེབ་(Green Book)སོགས་ཀྱི་ཐད་ལམ་སྟོན་བྱེད་ཡོད་པ་མ་ཟད། རྒྱུན་མཁོ་ཁྲིམས་ལུགས་ཡིག་ཆ་སྟེ་དམ་ཡིག་(Affidavit) ཉེས་རྟོགས་ལས་ཁུངས་སུ་ཐོག་མའི་བརྡ་ཐོ་(FIR)ཇི་ལྟར་བཟོ་དགོས་མིན་དང་དེའི་ཁྱད་ཆོས་སོགས་ཀྱི་ཐད་འགྲེལ་བརྗོད་གནང་ཡོད་པ་རེད།

བཙུན་དགོན་ཁག་གི་བཙུན་མ་རྣམས་ཀྱིས་ཁྲིམས་ལུགས་ལ་དོ་སྣང་ཧ་ཅང་ཆེན་པོ་གནང་ཡོད་པ་དང་། ད་ཐེངས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནས་འདི་ལྟར་ཁྲིམས་ལུགས་གོ་རྟོགས་སྤེལ་པར་ཡི་རང་དང་བསྔགས་བརྗོད་བྱས་ཡོད་པ་དང་། ད་ཐེངས་ཚོགས་པ་ངོས་ནས་མཁྱོན་བཙུན་མ་༣༠༠་ལྷག་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་ཡོད་པ་རེད།

(Visited 44 times, 1 visits today)