དུས་རབས་ཀྱི་འགྱུར་བ་དང་མཉམ་དུ། མི་རྣམས་ཀྱིས་གནས་ཚུལ་མང་པོའི་ཐེབས་ཀྱི་ལྟ་ཚུལ་དང་ལམ་ཕྱོགས་འཛིན་ཚུལ། ཁྲིམས་ལུགས་ཀྱི་ལྟ་གྲུབ་གང་རུང་ལས་བྱུང་བའི་སྒྲིག་གཞི་བཅས་ལ་མཐོང་ཚུལ་དང་། བསམ་ཚུལ་སོགས་མི་འདྲ་བ་མང་པོ་བྱུང་དང་འབྱུང་བཞིན་ཡོད་པ་རེད།ཉེ་བའི་ཆར་རྒྱ་གར་གྱི་སྤྱི་ཚོགས་དང་ཁྲིམས་ལུགས་རིག་པ་བ། ད་དུང་ཁྲིམས་དཔོན་སོགས་ཀྱི་ནང་བཟའ་ཚང་དབར་བཙན་གཡེང་གི་གནས་སྟངས་ཡོང་ཏེ་བཟའ་ཟླ་གང་རུང་ལ་ཉེས་ཁྲིམས་གཅོད་ཆོག་གི་ཡོད་མེད་ཐད་བགྲོ་གླེང་འགྲོ་མུས་རེད་ལ། ལྷག་པ་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༡༡ ཉིན་རྒྱ་གར་ལྡི་ལི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གཉིས་ཀྱི་ཉེས་ཁྲིམས་དོན་ཚན་ ༣༧༥ ནང་དམིགས་བསལ་ནང་གསེས་དོན་ཚན་ཞིག་ཡོད་པ་དེའི་སྐོར་གྱི་བཅད་ཁྲ་ཞིག་བྱུང་པ་ནས། གནས་དོན་དེའི་ཐད་བགྲོ་གླེང་ཤུགས་ཆེར་སོང་ཡོད་པ་རེད།

རྒྱ་གར་ཉེས་ཁྲིམས་དོན་ཚན་ ༣༧༥ ནི་བཙན་གཡེང་སྐོར་ཡིན། དོན་ཚན་དེའི་ནང་གསུང་གསལ་ལ། གལ་སྲིད་སུ་ཞིག་གིས་བུད་མེད་གང་རུང་གི་མོས་མཐུན་མེད་པར། བཙན་དབང་གིས་འཁྲིག་སྤྱོད་བྱས་པ་ཡིན་ན། དེ་ནི་བཙན་གཡེང་ཡིན་ཞེས་གསལ་ཡོད། ཡིན་ནའང་དོན་ཚན་དེའི་ནང་གསེས་དམིགས་བསལ་དོན་ཚན་ནང་ཁྲིམས་མཐུན་བཟའ་ཚང་ཡིན་ན། དོན་ཚན་དེའི་ནང་དོན་ལག་བསྟར་བྱེད་མི་དགོས་སྐོར་གསལ་ཡོད།

རྒྱ་གར་ནང་གི་བུད་མེད་ཐོབ་ཐང་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཚོགས་པ་མང་པོས་ཉམས་ཞིབ་བརྒྱུད། རྒྱ་གར་ནང་ཁྱོ་གས་བཟའ་ཟླར་འདོད་པ་ཡོད་མེད་མ་བལྟ་པར་བཙན་ཤུགས་ཀྱིས་བཟའ་ཟླ་ལ་འཁྲིག་སྤྱོད་བྱེད་པ་དང་། མཚམས་རེར་བཟའ་ཟླ་ལ་འདོད་པ་མེད་པ་ཤེས་རྗེས། བཟའ་ཟླ་ལ་བརྡུང་འདེད་ཀྱིས་བཙན་དབང་གིས་འཁྲིག་སྤྱོད་བྱེད་ཀྱི་ཡོད་པའི་གནས་སྟངས་མང་པོ་ཡོད་པས། བཟལ་ཟླ་ནང་ཁུལ་ནང་བཙན་གཡེང་གི་ཉེས་ཁྲིམས་གཅོད་ཆོག་པའི་དགོངས་ཚུལ་སླེབས་ཡོད་པ་རེད།

འཛམ་གླིང་ནང་རྒྱལ་ཁབ་ ༡༥༠ ནང་བཟའ་ཟླ་དབར་བཙན་གཡེང་གི་གནས་སྟངས་མེད་པར་ངོས་འཛིན་བྱེད་ཀྱིས་ཡོད། དེ་མིན་རྒྱལ་ཁབ་ཁག་གིས་བཟའ་ཟླ་ནང་ཁུལ་ལའང་བཙན་གཡེང་གི་གནས་སྟངས་ཡོང་ཆོག་པ་དང་། ཉེས་ཁྲིམས་གཅོད་ཆོག་པ་སོགས་ཁྲིམས་ལུགས་ཀྱིས་གཏན་འབེབས་བྱེད་ཡོད་པ་རེད།

(Visited 1 times, 1 visits today)