བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་པ་དང་། དེ་ཡང་གཙོ་བོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་དོན་དཀའ་ངལ་རྣམས་ཉུང་དུ་གཏོང་པར་གོ་རྟོགས་གང་མང་སྤེལ་རྒྱུ་དེ་ཡིན་པ་མ་ཟད། བོད་མི་རྣམས་ལ་ཁྲིམས་དོན་གྱི་དཀའ་ངལ་ཅི་རིགས་བྱུང་ཚེ། དེ་ལ་རོགས་རམས་དང་ལམ་སྟོན་གནང་གི་ཡོད། ཚོགས་པ་འདི་ནི་གཙོ་བོར་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་ཐུགས་ཀྱི་དགོངས་པ་ལྟར་འཛུགས་ཡོད་པ་དང་། དེའང་བོད་ཀྱི་ལོ་རྒྱུས་ཐོག་ཁྲིམས་ལུགས་ཚོགས་པ་དང་པོ་དེ་ཆགས་ཡོད་པ་རེད།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནས་ལོ་ལྟར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག། སློབ་གྲྭ་ཁག་ཏུ་ཁྲིམས་ལུགས་གོ་རྟོགས་སྤེལ་བའི་ལས་འགུལ་དང་ཁྲིམས་དོན་རྟོག་ཞིབ་བྱེད་པའི་ལས་འགུལ་སོགས་གང་མང་སྤེལ་གྱིས་ཡོད་པ་དང་། ད་ཐེངས་དབྱིན་ཡུལ་ཁྲིམས་ལུགས་འབུམ་རམས་པ་མཁས་དབང་ཏྲ་མ་ར་(Dr. Tamara Relis)ལགས་ཆེད་དུ་གདན་ཞུས་ཀྱིས་བྷེན་ལོར་བོད་ཁྱིམ་སྡོད་ཁང་དུ་བོད་རིགས་ཁྲིམས་ལུགས་སློབ་མ་དང་གཞན་མཐོ་སློབ་ཁག་གི་སློབ་མ་སོགས་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་ཤིག་སྤེལ་ཡོད་པ་དང་། སྐབས་དེ་མཁས་དབང་ཏྲ་མ་ར་ལགས་ནས་ནང་པའི་ལྟ་གྲུབ་དང་ཁྲིམས་ལུགས་དབར་གྱི་འབྲེལ་ལམ་དང་། རྒྱལ་སྤྱིའི་དཀའ་རྙོག་སེལ་པ་ནང་པའི་ལྟ་གྲུབ་དང་ཁྲིམས་ལུགས་དབང་འཛིན་གཉིས་ཇི་ལྟར་ཞོར་འདེགས་ཀྱིས་ཕན་རླབས་སྒྲུབ་ཐུབ་པའི་སྐོར་སོགས་གསུངས་ཡོད་པ་རེད།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་དང་བོད་ཀྱི་ས་གནས་ཁྲིམས་ཞིབ་པ་ཟུར་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་དབང་འཛིན་གྱི་སྒྲོམ་གཞི་དང་རྣམ་ཀུན་ཁྲིམས་ལུགས་དང་མིའི་དབར་གྱི་འབྲེལ་བ་སོགས་དོན་དངོས་སུ་བྱུང་དང་འབྱུང་བཞིན་པའི་ཁྲིམས་ལུགས་གནས་དོན་མང་པོའི་སྐོར་གསུང་པ་དང་། ཁྲིམས་དོན་དཀའ་ངལ་ཉུང་དུ་གཏོང་པ་དང་བོད་མིའི་ཁྲིམས་དོན་དཀའ་ངལ་སོགས་སེལ་པར་བོད་ཀྱི་ཁྲིམས་ལུགས་རིག་པ་བ་དང་ཁྲིམས་ལུགས་སློབ་མ་རྣམས་ཀྱིས་ཇི་ལྟར་ལེགས་སྐྱེས་འཕུལ་ཐུབ་མིན་སྐོར་ལམ་སྟོན་ཡང་བྱས་ཡོད་པ་རེད།

ཐེངས་འདིའི་གཟབ་སྦྱོང་ཐོག་མཐོ་སློབ་འདྲ་མིན་ནས་སློབ་མ་གྲངས་ལྔ་བཅུ་ཙམ་ཕེབས་ཡོད་པ་དང་། ཁོང་ཚོས་ལས་འགུལ་འདིའི་རིགས་སྤེལ་པར་ཤིན་ཏུ་ཕན་རླབས་ཆེ་ཚུལ་སོགས་གསུངས་འདུག།

(Visited 1 times, 1 visits today)