བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་དམིགས་ཡུལ་ལྟར། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་ཁྲིམས་ལུགས་ཀྱི་གོ་རྟོགས་གང་ཐུབ་སྤེལ་ནས། བོད་པ་སྤྱི་སྒེར་སུ་ལའང་ཁྲིམས་དོན་གྱི་དཀའ་ངལ་མི་ཡོང་པ་དང་། ཡང་ན་ཉུང་དུ་གཏོང་ཐབས་བྱེད་བཞིན་ཡོད། བོད་མིའི་ཁྲིམས་ལུགས་རིག་པ་བའི་དབུས་ས་གཉིས་ཀྱི་རྒྱུན་ལས་དང་ཚོགས་མི་ཚོས་ནམ་ཀུན་ནས་སློབ་གྲྭ་ཁག དགོན་སྡེ་ཁག མི་དམངས་སོགས་ལ་རྒྱུན་མཁོའི་བོད་དང་རྒྱ་གར། རྒྱལ་སྤྱི་སོགས་ཀྱི་ཁྲིམས་ལུགས་ཐད་གོ་རྟོགས་སྤེལ་གྱིས་ཡོད།

ཕྱི་ལོ་༢༠༡༧ ཟླ་༢་པའི་ཚེས་༡༧ཉིན། མེ་སཱོར་ས་གནས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་མོན་གོ་འདོད་རྒུ་གླིང་བོད་སློབ་འཛིན་ཚོགས་ཁུངས་གཏོགས་ཀྱི་སློབ་གྲྭའི་ནང་། འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་གཉིས་ཀྱི་སློབ་མ་གྲངས་བརྒྱ་སྐོར་ཞིག་ལ་རྒྱུན་མཁོ་རྒྱ་གར་གྱི་ཡུལ་ཁྲིམས་དང་། དེ་ཡང་བཙན་བྱོལ་བོད་མི་ཚོར་ནམ་ཀུན་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐྱབས་བཅོལ་ལག་དེབ་དང་ཕྱི་བསྐྱོད་ལག་འཁྱེར་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཡོད་པ་རེད། ལས་འགུལ་འདིར་སློབ་གྲྭའི་ལས་ཀྱི་སྣེ་མོ་བ་དང་ས་གནས་མི་དམངས་སོགས་ཀྱིས་ཡི་རངས་བསྔགས་བརྗོད་ཀྱང་གནང་ཡོད།

ཐེངས་འདིའི་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་མཁན་ནི་མེ་སཱོར་ས་གནས་བོད་མིའི་ཁྲིམས་ལུགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཡོན་ཏན་ལགས་དང་ཚོགས་གཞོན་ལྷ་རོང་ལགས། རྩིས་པ་སྐལ་བཟང་ལགས། ཚོགས་མི་བསྟན་འཛིན་རྣམ་སྐྱིད་ལགས་བཅས་ཡིན།

(Visited 15 times, 1 visits today)