༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་ཟུར་པ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཉེ་ལམ་ནད་མནར་གྱིས་ལྡི་ལི་ཧོ་ལི་ཕེ་མི་ལི་ Holy family Hospital སྨན་ཁང་དུ་སྨན་བཅོས་ཞུས་ཀྱང་དྭང་བསྐྱེད་མ་བྱུང་བར། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ཉིན་གྱི་དགོང་མོ་ཆུ་ཚོད་ ༩།༠༥ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་ཐུགས་ཕམ་དང་སྦྲགས་དམ་པ་ཁོང་གི་སྐུ་ཚེ་ཧྲིལ་པོར་བོད་སྤྱི་པའི་རྩ་དོན་ཐོག་ཞབས་འདེགས་བསྒྲུབ་ཡི་རངས་བསྔགས་བརྗོད་དང་རྗེས་དྲན་བྱེད་ཀྱིས་ཡོད།

དམ་པ་ཁོང་ནི་མཁྱེན་རྒྱ་ཡངས་ཤིང་བོད་ཀྱི་འདས་པའི་དོན་དངོས་ཀྱི་ལོ་རྒྱུས་སོགས་ལ་དངོས་སུ་མྱོང་དོན་གྱི་མཁྱེན་རྟོགས་ཡོད་མཁན་ཞིག་ཡིན། དེས་མ་ཚད་ཁོང་ནི་ཕུགས་རྒྱངས་ཀྱི་འཆར་གཞི་ཡོད་མཁན་ཞིག་དང་དེང་དུས་དང་མཐུན་པའི་གོམས་སྟོབས་བསྒྱུར་ཏེ་བོད་ཀྱི་བདེན་མཐའ་སེལ་པར་འབད་བརྩོན་གནང་མཁན་ཞིག་ཡིན། བཙན་བྱོལ་སྤྱི་ཚོགས་སུ་ཁྲིམས་ལུགས་ཀྱི་ཚོགས་པ་ཞིག་དགོས་ངེས་ཡིན་པ་དང་དེས་ཁྲིམས་དོན་ཐོག་བོད་ཀྱི་བདེན་མཐའ་སེལ་པར་ནུས་པ་འདོན་དགོས་པ་དང་། རྒྱ་ནག་དང་རྒྱ་གར། རྒྱལ་སྤྱི་སོགས་ཀྱི་ཁྲིམས་ལུགས་ལ་མཉམ་ཞིབ་བྱེད་དེ་བོད་པའི་སྤྱི་ཚོགས་ཁྲོད་མི་དམངས་ལ་གོ་རྟོགས་སྤེལ་དགོས་གལ་ཆེ་བ་སོགས་ཀྱི་འཆར་སྣང་སྔོན་ས་ནས་ཡོད་མཁན་ཞིག་རེད་ལ། དེ་དུས་ཀྱི་འབྲེལ་ཡོད་ལས་ཁུངས་དང་དེ་དག་གི་གཙོ་འཛིན་སོགས་ལའང་གནད་དོན་དེའི་སྐོར་གསུངས་ཡོད་ལུགས་གོ་ཐོས་བྱུང་། ཕྱི་ལོ་༢༠༠༨ལོར་ད་ལྟའི་ཚོགས་པའི་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་ལགས་དང་རྐམ་རྣམ་རྒྱལ་ལགས། དེ་བཞིན་སྐབས་དེ་དུས་ཀྱི་བོད་པའི་ཁྲིམས་ལུགས་རིག་པ་བ་རྣམས་ལ་དེ་ལུགས་བཀའ་སློབ་གནང་མྱོང་ཡོད་འདུག གང་ལྟར་ཀྱང་ཁོང་ལ་སྔ་ས་ནས་རེ་བ་ཡོད་པ་བཞིན་ད་ཐེངས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདི་འཛུགས་ཐུབ་པ་བྱུང་པར་ཁོང་གི་མཛད་རྗེས་ཡོད་པར་ངོས་འཛིན་ཞུ་གི་ཡོད་ལ། ཁོང་གི་འཆར་སྣང་ནང་ཡོད་པ་བཞིན་ཚོགས་པ་འདིས་བོད་ཀྱི་རྩ་དོན་ཐད་ནུས་པ་ལྡན་པ་ཞིག་ཡོང་པའི་རེ་བ་དང་ཡིད་ཆེས་ཡོད། ཞིང་གཤེགས་དམ་པ་ཁོང་མགྱོགས་ནས་མྱུར་ཏུ་གངས་ཅན་ཡུལ་ཏུ་དལ་འབྱོར་མི་ལུས་སུ་བྱོན་པ་དང་སྔ་བཞིན་བོད་ཁ་བ་གངས་ཅན་གྱི་ཡུལ་ལ་མཛད་རྗེས་བླ་མེད་བཞག་ཐུབ་པའི་སྨོན་འདུན་ཞུ།

དམ་པ་ཁོང་ནི། ཕྱི་ལོ་ ༡༩༣༡ ཟླ་ ༩ ཚེས་ ༦ ཉིན་བོད་དབུས་དྭགས་པོར་འཁྲུངས། ཆུང་དུས་བོད་ཡིག་དང་བོད་ཀྱི་རིག་གནས་སློབ་སྦྱོང་གནང་ཞིང་། ཕྱི་ལོ་ ༡༩༤༢ ལོར་རྩེ་སློབ་གྲྭར་འཛུལ་ཞུགས་གནང་ཐོག་ཕྱི་ལོ་ ༡༩༤༨ ལོར་རྩེ་དྲུང་སློབ་སྦྱོང་ཐོན། ཕྱི་ལོ་ ༡༩༤༧ ལོར་གཞུང་ཞབས་བསྐོ་བསྩལ་གྱིས་ཐོག་མར་རྩེ་ཡིག་ཚང་ལས་ཁུངས་ཀྱི་ལས་བྱ་དང་། ཕྱི་ལོ་ ༡༩༥༧ ལོར་ལེགས་བཅོས་ཚོགས་ཆུང་གི་ཚོགས་མི་གནང་། ཕྱི་ལོ་ ༡༩༥༨ ལོར་ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་གནང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཏེ་བཙན་བྱོལ་བོད་གཞུང་གི་ཕྱག་ལས་མུ་མཐུད་གནང་། ཕྱི་ལོ་ ༡༩༦༠ ནས་ ༡༩༦༨ བར་ཕྱི་དྲིལ་དྲུང་ཆེའི་ལས་འགན་ཐོག་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ནས་ཕྱི་ལོ་ ༡༩༦༢ བར་རྒྱུན་ལས་ཚོགས་དྲུང་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༦༣ ནས་ ༡༩༦༥ བར་རྡ་ས་བོད་ཀྱི་ཤེས་རིག་ཟློས་གར་ཚོགས་པའི་འགན་འཛིན་ལས་རོགས་ཡང་གནང་། ཕྱི་ལོ་ ༡༩༧༡ ནས་ ༡༩༧༨ བར་རྡ་ས་བོད་ཀྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་། ཕྱི་ལོ་ ༡༩༨༣ ལོ་ནས་སྐུ་སྒེར་ཡིག་ཚང་ནང་ཕྱག་ལས་གནང་བ་དང་། དེ་བཞིན་མཛད་རྣམ་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཡང་གནང་ཡོད། ཁོང་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩།༠༥ ཐོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པ་བཅས། །

(Visited 24 times, 1 visits today)