དེ་རིང་ཕྱི་ལོ་༢༠༡༦ཟླ་༡༢ཚེས་༡༠ཉིན་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་དང་ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་གཉིས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་སྲིད་ཇུས་ཚོགས་པའི་འགན་འཛིན་Njål Høstmælingenལགས་
དང་ཐུག་འཕྲད་ཀྱིས་ཚོགས་པ་གཉིས་ཀྱི་གཞི་རྩའི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་ཐད་ངོ་སྤྲོད་དང་བགྲོ་གླེང་བྱས་ཡོད་པ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་དང་སྲིད་ཇུས་ཚོགས་པ་ནི་རང་དབང་ཅན་གྱི་ཚོགས་པ་ཞིག་ཡིན་པ་དང་། ཚོགས་པ་དེའི་ལས་དོན་གཙོ་བོ་ནི་རྩོད་རྙོག་འདུམ་སྒྲིལ་དང་རྒྱལ་སྤྱིའི་ཁྲིམས་ལུགས། སྲིད་གཞུང་ལེགས་སྐྱོང་དང་ཞི་བདེ་བསྐྲུན་ཐབས་སོགས་ཀྱི་ཐད་ཕྱག་ལས་གནང་གིས་ཡོད་པ་རེད། ཚོགས་པ་དེས་ཁྲིམས་དོན་དང་འབྲེལ་བའི་གནད་དོན་ཐད་ཞིབ་འཇུག་དང་། གཙོ་བོར་འགྲོ་བ་མིའི་ཐོབ་ཐང་ཐད་འབད་བརྩོན་བྱེད་ཀྱིས་ཡོད་པ་རེད།

རྒྱལ་སྤྱིའི་ཁྲིམས་ལུགས་དང་སྲིད་ཇུས་ཚོགས་པ་འདིས་གཙོ་བོར་རྒྱལ་ཁབ་འདྲ་མིན་དུ་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་གྱིས་ཡོད་པ་དང་། ཉེ་བའི་ལོ་ངོ་བཞིའི་རིང་། ཚོགས་པ་དེ་དང་བོད་ཕྲུག་ཁྱིམ་སྡེ་གཉིས་མཉམ་འབྲེལ་གྱིས་བོད་ཁྱིམ་སློབ་གྲྭ་ཁག་གི་དགེ་རྒན་ཚོར་རྒྱལ་སྤྱིའི་བྱིས་པའི་ཁྲིམས་ལུགས་སོགས་ལ་ཟབ་སྦྱོང་སྤྲོད་ཀྱིས་ཡོད་པ་རེད། ཚོགས་པ་འདིས་མ་འོངས་པར་བོད་པའི་སློབ་གྲྭ་གཞན་ཁག་ཏུ་རྒྱལ་སྤྱིའི་ཁྲིམས་ལུགས་གོ་རྟོགས་སྤེལ་པའི་ལས་འཆར་ཡོད་ཅེས་འགན་འཛིན་ནས་གསུངས་ཡོད་པ་རེད།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་འདིའི་གཞི་རྩའི་དམིགས་ཡུལ་ནི་བོད་མི་ཚོར་ཁྲིམས་ལུགས་གོ་རྟོགས་སྤེལ་པ་དང་ཁྲིམས་དོན་དཀའ་ངལ་སོགས་སེལ་ཆེད་ཡིན་ལགས་ན། ཚོགས་གཙོ་བློ་བཟང་གྲགས་པ་དང་འགན་འཛིན་Njål Høstmælingenལགས་གཉིས་ཀྱིས་མ་འོངས་པར་མཉམ་འབྲེལ་གྱིས་ལས་འཆར་ཇི་ལྟར་བརྩམ་ཐུབ་མིན་སྐོར་བགྲོ་གླེང་བྱས་ཡོད་པ་རེད།

(Visited 26 times, 1 visits today)