ཕྱི་ལོ་༢༠༡༦ལོའི་ཟླ་༣ཚེས་༡ཉིན། བོད་ཀྱི་ཐེབས་རྩ་དང་མཚོ་པདྨ་ཚོགས་པ་གཉིས་ཀྱི་རོགས་རམས་ལ་བརྟེན་ནས། བཞུགས་སྒར་དྷ་རམ་སར་དངོས་སུ་ལས་ཁུངས་འཛུགས་ཐུབ་པ་བྱུང་ཡོད་པ་དང་། དེ་ནས་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་དང་། ཁྲིམས་རྩོད་པ་རྣམ་རྒྱལ་ཚེ་སྐྱིད་དང་ཀུན་བཟང་སྟོབས་ལྡན་གཙོས་ལས་བྱེད་ལྔ་ནས་ལས་ཁུར་འགོ་འཛུགས་ཞུས་ཡོད་པ་དང་། དུས་ཡུན་ཐུང་ཐུང་ཞིག་ཏུ་བོད་མི་མང་པོ་ཞིག་ལ་ཁྲིམས་དོན་དཀའ་ངལ་སེལ་ཐུབ་པ་བྱུང་ཡོད་པ་རེད། ཚོགས་པ་འདི་ཉིད་ཚགས་ཚུགས་དང་ཇེ་ལེགས་སུ་གཏོང་བའི་ཆེད། ཕྱི་ལོ་༢༠༡༦ལོའི་ཟླ་༧ཚེས་༢༩ནས་༣༡བར་རྒྱ་གར་མེ་སོར་གྲོང་ཁྱེར་དུ་ཚོགས་པའི་ལོ་འཁོར་ཚོགས་ཆེན་དེ་འཚོགས་པ་རེད། ཚོགས་ཆེན་དེའི་ཐོག་བོད་མིའི་ཁྲིམས་ལུགས་སློབ་མ་དང་ཁྲིམས་རྩོད་པ་སོགས་མི་གྲངས་༣༠ལྷག་མཉམ་བཞུགས་བྱས་ཡོད་པ་རེད།

ཚོགས་ཆེན་ཐོག་གཙོ་བོར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་སྒྲིག་གཞི་བསྐྱར་བཅོས་དང་། འདས་པའི་ལས་འགུལ་ཁག་ལ་བསྐྱར་ཞིབ། མ་འོངས་ལས་དོན་ཁག་ལ་བགྲོ་གླེང་དང་འཆར་འགོད་བྱས་ཡོད་པ་རེད། དེ་དང་དུས་མཚུངས། བོད་མི་གང་མང་ལ་སྟོབས་བདེའི་ངང་ཕྱག་རོགས་ཞུ་ཐུབ་པའི་ཆེད། བོད་མི་ཁྲིམས་ལུགས་སློབ་མ་དང་ཁྲིམས་ལུགས་རིག་པ་བ་མང་ཤོས་གནས་སྡོད་བྱེད་སར་དཔེ་ན་མེ་སོར་དང་བྷེན་ལོར་གྲོང་ཁྱེར་སོགས་སུ་ཚོགས་པའི་ཡན་ལག་འཛུགས་ཡོད་པ་དང་། མེ་སོར་ས་གནས་རྒྱུན་ལས་སོགས་ཀྱང་ཚོགས་ཆེན་ཐོག་འདེམས་ཐོན་བྱུང་ཡོད་པ་རེད།

ཟླ་༨པའི་ཚེས་༡ཉིན་མེ་སོར་ཁྲིམས་ལུགས་མཐོ་སློབ་JSSཞེས་པ་དེས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བློ་བཟང་གྲགས་པ་ལགས་སློབ་གྲྭའི་མཛད་སྒོ་ཞིག་ལ་གདན་འདྲེན་ཞུས་ཡོད་པ་དང་། ཁོང་གིས་ཚོགས་པའི་ཚོགས་མི་ཡོངས་ཀྱི་ཚབ་བྱས་ནས་མཐོ་སློབ་དེར་ཐུགས་རྗེ་ལེགས་འབུལ་གྱི་གཟེངས་རྟགས་ཤིག་ཕུལ་ཡོད་པ་མ་ཟད། སྐབས་དེར་ཚོགས་བཞུགས་གནང་མཁན་རྒྱ་གར་ཡུལ་མི་གྲངས་༧༠༠་ལྷག་ལ་བོད་ཀྱི་ཁྲིམས་དོན་གནས་བབས་དང་བོད་ཀྱི་ཛ་དྲག་གི་གནས་བབས་སོགས་སུ་གཏམ་བཤད་བྱས་ཡོད་པ་རེད།

(Visited 14 times, 1 visits today)