བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་དུས་དང་རྣམ་པ་ཀུན་དུ་སྤྱི་ཚོགས་ཁྲོད་ཁྲིམས་དོན་གྱི་དཀའ་ངལ་སེལ་ཐབས་ལ་འབད་བརྩོན་བྱས་དང་བྱེད་མུས་ཡིན་པ་དང་། མི་མང་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་པ་དང་།
ཁྲིམས་དོན་དཀའ་ངལ་འཕྲད་མཁན་གྱི་བོད་མི་རྣམས་ཀྱི་དཀའ་ངལ་སེལ་པར་ལས་སླ་པོ་མིན་པ་དང་། ཚོགས་པའི་ལས་བྱེད་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་དུ་ཁྲིམས་ལུགས་ཉམས་ཞིབ་བྱེད་དགོས་པ་དང་། ཁྲིམས་དོན་དཀའ་ངལ་དང་འབྲེལ་བའི་ལས་ཁུངས་དང་འབྲེལ་ཡོད་རྒྱ་གར་ལས་བྱེད་ཚོ་དང་བཀའ་མོས་གནང་དགོས་པ་མ་ཟད། དོ་བདག་བོད་མི་རྣམས་ལ་གནད་དོན་དང་འབྲེལ་བའི་སྐོར་འགྲེལ་བརྗོད་དང་ལམ་སྟོན་གནང་དགོས་ཀྱིས་ཡོད་པ་རེད།

ཉེ་བའི་ཆར་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནས་བོད་མི་ཚོའི་ཁྲིམས་ལུགས་གོ་རྟོགས་གོང་མཐོར་གཏོང་པ་དང་། བོད་མི་ཚོར་ཁྲིམས་དོན་གྱི་ཤེས་བྱ་གང་མང་སྤེལ་པ་དང་། རྒྱ་ཆེའི་བོད་མི་རྣམས་ལ་ཚོགས་པའི་འདས་དང་ད་ལྟ། མ་འོངས་སོགས་ཀྱི་ལས་འགུལ་ཁག་ངོ་སྤྲོད་བྱེད་པ་དང་། བོད་པའི་སྤྱི་ཚོགས་ཁྲོད་ཁྲིམས་དོན་དཀའ་ངལ་སོགས་གསལ་སྟོན་བྱེད་ཆེད་ཟླ་དྲུག་སྙན་ཐོའི་དེབ་ཕྲེང་རེ་གཏོན་གཏན་འཁེལ་ཡོད་པ་དང་། སྙན་ཐོའི་དེབ་ཕྲེང་ཐོག་མ་དེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཐོབ་པའི་ཉིན་ཏེ་ལོ་འདིའི་ཟླ་༡༢པའི་ཚེས༡༠ཉིན་གཏོན་རྒྱུ་དང་། ཟླ་༡༡ཚེས་༢༩ནས་ཟླ་༡༢ཚེས་༢བར་ལས་བྱེད་ཡོངས་ཀྱི་སྙན་ཐོའི་དེབ་ཕྲེང་དེའི་རྩོམ་སྒྲིག་ལ་གྲ་སྒྲིག་བྱས་ཡོད་པ་རེད།

སྙན་ཐོའི་དེབ་ཕྲེང་འདིའི་ནང་གཙོ་བོར་ཚོགས་པའི་ཁྲིམས་རྩོད་པ་རྣམས་ཀྱིས་བོད་མི་ཚོར་དཀའ་ངལ་སེལ་པའི་བརྒྱུད་རིམ་དང་དཀའ་ངལ་གྱི་ངོ་བོ། དཀའ་ངལ་གྱི་རྣམ་གྲངས་སོགས་གསལ་ཡོད་པ་མ་ཟད། ཚོགས་པ་ངོས་ནས་ཁྲིམས་དོན་གོ་རྟོགས་སྤེལ་བའི་ལས་འགུལ་ཁག་ངོ་སྤྲོད་དང་། གོ་རྟོགས་སྤེལ་བའི་བརྗོད་གཞི་དང་དེའི་གལ་ཆེན་རང་བཞིན་སོགས་གསལ་ཡོད་པ་རེད།སྙན་ཐོའི་དེབ་ཕྲེང་དེ་ཉིད་གཏོན་ཚར་རྗེས། བོད་པའི་སློབ་གྲྭ་ཁག་དང་དགོན་སྡེ་ཁག དཔེ་མཛོད་ཁག་སོགས་ལ་འགྲེམས་སྤེལ་བྱེད་རྒྱུ་ཡིན་པ་རེད།

(Visited 25 times, 1 visits today)