ཝ་སིམ་རིག་ཝེའི་ (Waseem Rizvi ) ནི་ཉེ་བའི་ཆར་ཧིན་ལྡི་ཆོས་ལུགས་ལ་བསྒྱུར་པ་དང་། ཁོང་གིས་ཁ་ཆེའི་དཀོན་མཆོག་མོ་ཧ་མོ་དི་ (Muhammad)སྐོར་གྱི་དེབ་ཞིག་བརྩམས་ཡོད་པ་རེད། ཁ་ཆེའི་ཆོས་པ་ཨོ་མ་ཧསི་ནེ(Qamar Hasnain)ཟེར་བ་ཞིག་གིས་དེབ་དེའི་ནང་ཁ་ཆེའི་ཆོས་ལུགས་ལ་ཟུར་ཟ་དང་དམའ་འབེབས། ཁ་ཆེའི་དཀོན་མཆོག་མོ་ཧ་མོ་དི་ལ་མ་གུས་པའི་ནང་དོན་གསལ་ཡོད་པས། སྤྱི་ཚོགས་གཏན་ལྷིང་དང་བདེ་འཇགས་ལ་གནོད་གཞིར་འགྱུར་ཉེས་ཆེ་བས་དེབ་དེ་བཏོན་མི་ཆོག་པའི་ཁ་མཆུ་ཞིག་ལྡི་ལི་མཐོ་རིམ་ཁྲིམས་ཁང་ནང་ཞུ་གཏུག་བྱས་ཡོད། ཁོང་གིས་ད་དུང་རྩོམ་པ་པོས་ཁ་ཆེའི་ཆོས་ལུགས་ལ་མ་དགའ་པའི་རྣམ་འགྱུར་གསལ་བའི་དེབ་ཕྲན་དེ་རྒྱ་གར་རྩ་ཁྲིམས་དོན་ཚན་༡༩ པའི་ནང་གསལ་ལྟར་སྲུང་སྐྱོབ་བྱེད་པའི་ཆ་རྐྱེན་ཚང་མེད་སྐོར་གསུང་ཡོད།

ཁྲིམས་ཁང་གིས་ཞུ་སྦྱོར་བ་བའི་ཞུ་སྙན་ནང་གསལ་ལྟར་ན། ཁོང་གི་ཆོས་ལུགས་ཚོགས་སྡེ་ཞིག་གི་ཚབ་བྱས་ཡོད་པ་ལས། དོ་བདག་གི་རང་དབང་ཐོབ་ཐང་ལ་གྱོང་གུད་ཕོག་པའི་གནས་དོན་ཞིག་གསལ་མེད་པ་རེད། མ་ཚད། ཞུ་སྦྱོར་བ་ངོས་ནས་རྩོད་ལེན་པའི་གཞི་རྩའི་ཐོབ་ཐང་ལ་བཀག་འགོག་དང་སྨྲ་བརྗོད་རང་དབང་ལ་ཚོད་འཛིན་དགོས་པའི་རེ་འདོད་བཏོན་ཡོད་པས། དེ་ནི་ལྡི་ལི་ཁྲིམས་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་དང་བརྒལ་བའི་གནད་དོན་ཞིག་ཡིན་པས་ཁྲིམས་ཁང་འདི་ནས་ཞིབ་བཤེར་བྱེད་པའི་ཁྱབ་ཚད་མེད་པ་དང་། གལ་སྲིད་དེབ་འདི་བཏོན་ནས་ཞུ་སྦྱོར་བ་དོ་བདག་ལ་གནོད་འཚེ་ཕོག་ཡོད་ཚེ། ཁྲིམས་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་དང་བསྟུན་བསམ་བློ་གཏོང་ས་ཡོད་མོད། ད་ཐེངས་ཁ་མཆུ་འདིའི་ནང་དོ་བདག་ལ་གནོད་འཚེ་ཕོག་པའི་གནས་དོན་མེད་པས་ཁ་མཆུ་འདི་ཁྲིམས་ཁང་འདིས་ངོས་བཞེས་ཐུབ་པའི་ཁྲིམས་ལུགས་ཀྱིས་རྒྱབ་བསྟེན་མེད་པ་རེད་ཅེས་གསུང་འདུག

(Visited 1 times, 1 visits today)