དེང་སང་ཆང་རག་དང་སྨྱོ་རྫས་ཐ་མག་སོགས་བསྟེན་ཏེ་བཟི་བའམ་སྨྱོས་པའི་སྒོ་ནས་བརྐུ་འཕྲོག་དང་བསད་རྨས་སོགས་ཀྱི་ཉེས་ལྟུང་སྣ་ཚོགས་བསྐྱེད་པའི་གནད་དོན་ཇེ་མང་དུ་འགྲོ་བཞིན་པ་དང་།རང་རིགས་ཕལ་ཆེ་བས་ཀྱང་ཆང་གིས་བཟི་ནས་ཉེས་ལྟུང་སྐྱེད་མཁན་ལ་གུ་ཡངས་གཏོང་དགོས་པར་བརྗོད་པའམ་དེ་ལ་འགེབ་སྲུང་བྱེད་པ་སོགས་ཀྱི་ཉེས་ཅན་རྒྱ་ཡན་ཏུ་བཏང་དང་གཏོང་བཞིན་པའི་ལུགས་སྲོལ་ངན་པ་ཞིག་དར་བཞིན་པས་ན། ཉེས་ཁྲིམས་སུ་ཆང་གིས་བཟི་ནས་ཉེས་བྱས་སྐྱེད་ན་འགན་ཅི་ཞིག་འཁུར་དགོས་མིན་སྐོར་དང་དེ་ལས་འཕྲོས་པའི་ཉེས་ལྟུང་གི་གནད་དོན་གཞན་ཁག་ཅིག་བཅས་ཉུང་བསྡུས་ཤིག་བརྗོད་པར་བྱ།

ཉེས་ཁྲིམས་ནང་ཉེས་བྱས་སམ་ཉེས་ལྟུང་གང་རུང་ཞིག་སྐྱེད་དགོས་ན་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་ཡོངས་སུ་ཚང་དགོས་པའི་གྲས་སུ། བསམ་པའི་ཡན་ལག་ལ་ཉེས་བྱས་སྤྱད་པའི་གང་ཟག་དེ་ཤེས་པ་རང་བཞིན་དུ་གནས་པ་ཞིག་ཡིན་དགོས་ཤིང་། ཤེས་པ་རང་བཞིན་དུ་མི་གནས་པའི་ངང་གིས་ཉེས་ལྟུང་གང་རུང་བསྐྱེད་ན་དེ་ནི་ཉེས་ལྟུང་མཐར་ཐུག་ཏུ་མི་འགྱུར་བས་ཉེས་ལྟུང་བསྐྱེད་མཁན་ལ་ཉེས་འགན་མི་འདེད་པའི་དམིགས་བསལ་གྱི་གཏན་འཁེལ་ཡོད། དེའི་ཕྱིར་ཤེས་པ་རང་བཞིན་དུ་མི་གནས་པའི་སྨྱོན་པ་སོགས་ཀྱིས་སྨྱོ་བའི་གནས་སྐབས་དང་སྨན་སོགས་སྤྱད་པའི་དབང་གིས་བཟི་བའི་གནས་སྐབས་ཀྱི་ནད་པ་སོགས་ཀྱིས་སྐྱེད་པའི་ཉེས་སྤྱོད་ལ་ཉེས་འགན་ཁུར་མི་དགོས། འོན་ཀྱང་ཆང་འཐུང་སྟེ་ཤེས་པ་རང་བཞིན་དུ་མི་གནས་པའམ་དྲན་རིག་ཉམས་པའི་དབང་གིས་གཞན་གྱི་ལུས་སྲོག་རྒྱུ་ནོར་ལ་གནོད་པ་བྱས་དེ་ཉེས་བྱས་སྐྱེད་ན་སྦྱོར་བ་བོས་དེ་ལ་འགན་ཁུར་དགོས་པ་རྒྱ་གར་ཉེས་ཁྲིམས་ཀྱི་དོན་ཚན་༥༡༠ དང་༨༥། ༨༦ བཅས་ཀྱི་ནང་ཆང་གིས་བཟི་བའི་གང་ཟག་གིས་ཉེས་ལྟུང་སྐྱེད་ན་ངེས་པར་དུ་ཉེས་འགན་ཁུར་དགོས་ཞེས་ཁྲིམས་བཅས་ཡོད། འདིའི་སྐབས་ཀྱི་ཆང་གིས་བཟི་བ་ཞེས་པ་ནི་སྦྱོར་བ་བོས་རང་གི་ཐེག་ཚད་ལས་བརྒལ་ཏེ་ཆང་འཐུང་བས་བཟི་ནས་ཤེས་པ་རང་བཞིན་དུ་མི་གནས་པའི་གནས་སྐབས་དེ་ལ་ཟེར་ཞིང་། བཟི་བའི་གནས་སྐབས་སུ་སྦྱོར་བ་བོའི་དྲན་རིག་དང་དབང་ཤེས་སོགས་ཀྱི་ནུས་པ་གནས་སྐབས་སུ་ཉམས་དམས་སུ་འགྱུར་མོད་ཀྱང་རྩ་བ་ཉིད་ནས་ཉམས་མེད་པ་དང་། མ་ཟད་སྐབས་དེའི་སྦྱོར་བ་བོའི་དྲན་རིག་དང་ཤེས་པ་རང་བཞིན་དུ་མི་གནས་པ་དེ་ཡང་སྦྱོར་བ་བོ་རང་ཉིད་ཀྱིས་ཆང་འཐུང་ནས་དེ་ལྟར་བྱས་པའི་རྐྱེན་ཡིན་པས་སྦྱོར་བ་བོས་རང་གི་ཉེས་འགན་ཁུར་དགོས་པ་ནི་གཞན་གྱིས་དྲིང་འཇོག་མི་དགོས་པར་སྣང་། ཉེས་ཁྲིམས་ཀྱིས་དེ་ལྟར་བཅས་པ་མཛད་པ་དེ་ཡང་ཉེས་སྤྱོད་སྔོན་འགོག་དང་ཆང་རག་གིས་བཟི་བའི་གནད་དོན་ཚོད་འཛིན་པ་ལ་དམིགས་ཏེ་བཅས་པ་ཡིན། དོན་ཚན་ ༥༡༠ ནང་ར་བཟི་ཞིག་གིས་རང་འགར་མི་གཞན་གྱི་གནས་ཡུལ་ལ་སོང་པ་དང་། གཞན་ལ་བསུན་བཙི་བྱེད་པ་སོགས་ནི་ཀུན་སློང་གི་ཚད་གཞི་ནས་ཉེས་པ་ཆེ་ས་ནས་བཙོན་འཇུག་དང་ཆུང་ས་ནས་ཆད་པ་བཅད་པའི་ཉེད་གཅོད་ཆོག་པ་རེད། དོན་ཚན་༨༥དང་༨༦ གཉིས་ནས་ར་བཟི་བ་དེ་གཞན་གྱི་གཡོ་སྒྱུའི་འོག་ཚུད་པ་དང་། རང་མོས་ཡིན་མིན་སོགས་ནས་ཉེས་པ་གུ་ཡང་གཏོང་པ་དང་ཁྲིམས་གཅོད་ཆོག་པ་སོགས་ཀྱི་ཁྲིམས་དོན་དཔྱིད་ཞིབ་བྱེད་ཀྱི་ཡོད། གལ་སྲིད་གཞན་གྱི་གཡོ་སྒྱུ་དང་མགོ་སྐོར་འོག་ར་བཟི་ནས་ཉེས་པ་བསགས་པ་ནི་གུ་ཡང་གི་ཁྲིམས་གཅོད་ཐུབ་པའི་རེ་བ་ཡོད་པ་རེད། དེ་ནི་གཙོ་བོར་ཀུན་སློང་ལ་རག་ལས་པ་ཞིག་རེད།

དེ་ནས་རང་གི་ཉེ་དུ་དང་རང་ཉིད་ལ་སྲུང་སྐྱོབ་ཀྱི་འགན་ཁུར་ཡོད་པའི་མི་ཞིག་ཉེན་སར་ལྷུང་བའམ། མི་དེས་རང་གི་སྲོག་གཅོད་པ་ལ་སོགས་པའི་སྦྱོར་བ་རྩོམ་པའི་ཚེ། རང་གིས་མི་དེ་དག་ཉེན་ས་ལས་བསྲུང་བའམ་རང་སྲོག་གཅོད་པ་སོགས་བཀག་འགོག་དང་བར་ཆད་བྱེད་པའི་འགན་ཁུར་ཡོད། གལ་ཏེ་འགན་ཁུར་ཡོད་མཁན་གྱིས་ཉེན་སར་ལྷུང་བའི་མི་དེ་མ་བསྲུངས་བའམ་རང་ཤི་རྩོམ་པའི་མི་དེ་ལ་བཀག་འགོག་མ་བྱས་པ་ཡིན་ན་དེ་ལ་མི་རྩོལ་བའི་ཉེས་ལྟུང་ཕོག་སྲིད།  དཔེར་ན། ཆུང་མས་རང་སྲོག་གཅོད་པའི་སྐབས་སུ་ཁྱོ་གར་བཀག་འགོག་དང་སྲུང་སྐྱོབ་ཀྱི་འགན་ཁུར་ཡོད་ཅིང་། ཁྱོ་གས་བསམ་བཞིན་གྱིས་མི་འགོག་པའམ་རྣམ་གཡེང་གིས་མ་བཀག་པར་ཆུང་མས་རང་སྲོག་བཅད་ན། ཁྱོ་གར་བསམ་བཞིན་གྱིས་མི་བསད་པའི་ཉེས་པའམ་རྣམ་གཡེང་གིས་མི་ཤི་རུ་བཅུག་པའི་ཉེས་ལྟུང་་སྐྱེད་པ་ལྟ་བུའོ། ཉེས་ལྟུང་སྐྱེད་ལུགས་དེ་ལ་ཉེས་ཁྲིམས་ཀྱི་གཞུང་ལུགས་སྟེང་རྩོལ་བྲལ་གྱི་ཉེས་ལྟུང་ཟེར། དེའི་ཕྱིར་འཚོ་བའི་ཁྲོད་དུ་རང་ཉིད་ལ་འབྲེལ་ཐོགས་ཡོད་པའི་མི་ལ་ཉེན་ས་ནས་བསྲུང་བར་བྱེད་པའི་འགན་ཁུར་ཡོད་པ་དང་འགན་ཁུར་དེ་བསམ་བཞིན་ནམ་རྣམ་གཡེང་གིས་མ་བསྒྲུབས་པར་གནོད་འཚེ་བྱུང་ན་རང་ཉིད་ལའང་ནོར་འཁྲུལ་ཡོད་པས་ཉེས་འགན་ཁུར་དགོས་པའི་གནད་དེ་ཤེས་དགོས།

གནས་ཚུལ་གྱི་བྱུང་རིམ་ཞིབ་ཕྲ་མིན་པའི་སྐ་ཕུག་ཕག་མིང་འཛིན་མཁན་གྱི་རྩོམ་ལས། ཁོང་གི་ནུ་མོའི་ཁྱོ་ག་ཆང་གིས་བཟི་སྟེ་ཆུང་མར་ཉེས་བརྡེག་གམ་འཇིགས་བསྐུལ་གང་རུང་བྱས་པའི་དབང་གིས་ཆུང་མ་ཁང་ཐོག་ནས་མཆོངས་སྟེ་ཚེ་དུས་བྱས་པའི་ཟོལ་འདྲ་བོར་མཐོང་བ་དེ་ལ་གཞིར་བཞག་སྟེ་བཤད་ན། གལ་ཏེ་ཁྱོ་གས་བསམ་བཞིན་གྱིས་དེ་ལྟར་བྱས་ན་ཁྱོ་གར་བསམ་བཞིན་དུ་མི་བསད་པའི་ཉེས་ལྟུང་སྐྱེད་པ་སྨྲོས་མ་དགོས་ཤིང་། གལ་ཏེ་ཆུང་མས་ང་ནི་ཤི་བར་བྱའོ་ཞེས་སྨྲེ་ངག་འབྱིན་ཅིང་སྒེའུ་ཁུང་གི་གམ་ལ་སོང་སྟེ་ཤི་རྩིས་བྱས་ཚེ། ཁྱོ་གས་དེ་ལྟར་བྱེད་རོགས་ཅེས་རྗེས་སུ་ཡི་རང་གི་བསྔགས་པ་བརྗོད་པའམ། ལུས་ངག་གི་རིག་བྱེད་ཅི་ཡང་མི་སྟོན་པར་རོ་ལྟར་འདུག་པ། ཡང་ན་ཆུང་མའི་འཆི་རྩིས་ལ་རམ་འདེགས་བྱེད་པ་ལ་སོགས་པའི་སྦྱོར་བ་གང་རུང་གི་རྐྱེན་གྱིས་ཆུང་མ་ཁང་ཐོག་ནས་མཆོང་ཞིང་ཤི་ན། ཁྱོ་གར་བསམ་བཞིན་མི་བསད་པའི་ཉེས་ལྟུང་སྐྱེད།  དེ་བཞིན་དུ་ཁྱོ་ག་ཆང་གིས་བཟི་སྟེ་ཆུང་མས་རང་ཤི་བྱེད་པ་མ་གོ་མ་ཚོར་བར་ལུས་ན་ཁོང་ལ་རྣམ་གཡེང་ངམ་བསམ་བཞིན་མིན་པའི་སྒོ་ནས་མི་ཤི་རུ་བཅུག་པའི་ཉེས་འགན་ཡང་ཡོད། ཉེས་པ་དེ་རིགས་བསྐྱེད་ན་སྦྱོར་བ་བོར་ལྕི་ན་ལོ་བདུན་དང་ཡང་ན་ལོ་གསུམ་མན་གྱི་བཙོན་འཇུག་ཉེས་ཆད་གཅོད་དགོས། བསམ་བཞིན་དུ་མི་བསད་པའི་ཉེས་ཆད་ནི་གནས་ཚུལ་ལ་དཔག་སྟེ་སྲོག་ཆད་གཅོད་པ་དང་ཚེ་བཙོན་བྱེད་པ། ཡང་ན་ལོ་བཅུའི་ཡན་གྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གང་རུང་བཅད་ཆོག བསམ་བཞིན་དུ་མི་བསད་པ་དང་བསམ་བཞིན་མིན་པའི་སྒོ་ནས་མི་ཤི་རུ་བཅུག་པའི་ཉེས་ལྟུང་འདི་དག་ནི་གཞུང་གཏུག་གི་ཁོངས་སུ་གཏོགས་པའི་ཉེས་བྱས་ཡིན་པས། ཉེས་བྱས་འདི་རིགས་བསྐྱེད་ཚེ་དོ་བདག་གི་འདོད་མོས་ལ་མི་བལྟ་བར་ཉེན་རྟོག་པས་བརྩད་གཅོད་བྱས་ཏེ་ཞིབ་དཔྱོད་ཁང་གིས་ཁྲིམས་ཁང་ལ་འབྲེལ་ཡོད་ཀྱི་གང་ཟག་ཉེས་འཛུགས་བྱེད་དགོས་པ་ཞིག་ཡིན་པས། གལ་ཏེ་ནུ་མོ་དེའི་ཕུ་བོ་ཡིས་གནས་ཚུལ་གསང་སྟེ་ཉེན་རྟོག་ལས་ཁང་ལ་སོགས་པའི་ཁྲིམས་འཛིན་ལས་ཁང་གིས་ནུ་མོའི་ཁྱོ་གའི་ཉེས་སྤྱོད་ལ་བརྩད་གཅོད་བྱེད་པར་བར་ཆད་དང་རྫུན་སོགས་སྨྲས་ན། ཁོང་ལ་འཆབ་ཉེས་དང་སྦེད་ཉེས་ཀྱི་ཉེས་བྱས་བསྐྱེད་སྲིད་པ་དང་། ཉེས་ཁྲིམས་ལྟར་ན་ཉེས་བྱས་འདི་རིགས་སྐྱེད་མཁན་ལ་ལྕི་ན་ལོ་བཅུ་མན་དང་ཡང་ན་ལོ་གསུམ་མན་གྱི་བཙོན་འཇུག་གི་ཉེས་ཆད་གཅོད་དགོས་པའི་གཏན་འབེབས་བྱས་ཡོད། དེའི་ཕྱིར་གལ་ཏེ་ཁྲིམས་འཛིན་ལས་ཁུངས་ནས་ཁོང་གི་ནུ་མོ་ཤི་བའི་དོན་རྐྱེན་ལ་བརྩད་གཅོད་བྱས་ཚེ་ཁོང་གིས་ནུ་མོའི་ཁྱོ་ག་འགེབ་བསྲུང་སོགས་བྱས་ཡོད་པ་ཡིན་ན་ཉེས་ཁྲིམས་དང་འགལ། ཁྲིམས་དང་མི་ཆོས་ཀྱི་བར་ན་འགལ་ཟླ་མང་པོཡོད་པས་མི་རྣམས་ཀྱིས་བྱ་བ་བཟང་བོ་ཞིག་བསྒྲུབ་བསམ་ནས་ཉེས་ཁྲིམས་ལ་ཕོག་པའི་གནས་ཚུལ་ཡང་མང་པོ་ཡོད།

གོང་གསལ་རྩོམ་ཡིག་ཕེལ་ཆེ་ཁྲིམས་གླེང་དྲྭ་ཚིགས་ནས་ཕབ་བཤུས་བྱས།

 

 

(Visited 1 times, 1 visits today)