ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ ཉིན། རྒྱ་ནག་གཞུང་གིས་དྲྭ་རྒྱ་བརྒྱུད་ཆོས་ལུགས་གནས་འཕྲིན་དོ་དམ་ཐབས་ཤེས་ཞེས་པའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱས་ནས་དྲྭ་རྒྱ་བརྒྱུད་ཆོས་ལུགས་ཁྱབ་སྤེལ་གཏོང་པར་དོ་དམ་ནན་པོ་བྱེད་བཞིན་འདུག

དྲྭ་རྒྱ་བརྒྱུད་ཆོས་ལུགས་གནས་འཕྲིན་དོ་དམ་ཐབས་ཤེས་ཁྲིམས་ཡིག་ནི་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་ལྷན་ཁང་དང་། རྒྱལ་ནང་དྲྭ་རྒྱ་གནས་འཕྲིན་ལས་ཁང་། བཟོ་ལས་དང་གནས་འཕྲིན་ལྷན་ཁང་། སྤྱི་བདེ་ལས་ཁང་དང་བདེ་འཇགས་ལྷན་ཁང་བཅས་ལྔ་ནས་སྤྱི་མོས་ཡོངས་ཁྱབ་ཀྱིས་ཐག་གཅོད་ཅིག་རེད་འདུག

ཁྲིམས་ཡིག་དེར་ལེའུ་ལྔ་དང་ཁྱོན་བསྡོམས་དོན་ཚན་སུམ་ཅུ་སོ་དྲུག་ཡོད། དེའི་ནང་གཙོ་བོར་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁང་ནས་ཆོག་མཆན་མེད་པར་སྤྱི་སྒེར་སུ་རུང་གིས་དྲྭ་རྒྱ་བརྒྱུད་ཆོས་ལུགས་དང་འབྲེལ་བའི་ཟབ་སྦྱོང་དང་སློབ་འཁྲིད། ཆོས་གསུང་པ་དང་ལས་འགུལ་འདྲ་མིན་བརྩམ་ཏེ་ཞལ་འདེབས་བླངས་པ་སོགས་བྱེད་མི་ཆོག་པ་བཅས་གསལ་ཡོད།

རྒྱ་ནག་གཞུང་གིས་ཁྲིམས་ལུགས་དེ་གཏན་འབེབས་བྱས་དགོས་པའི་རྒྱུ་མཚན་དང་དགོས་པ་གཙོ་བོ་ནི། རྒྱལ་ཁབ་ཀྱི་བརྟན་ལྷིང་སྲུང་སྐྱོབ་དང་སྤྱི་སྒེར་སུ་རུང་གིས་ཆོས་ལུགས་ལ་ཁ་གཡར་ནས་རྒྱལ་ཁབ་ནང་ཁུལ་ཟིང་སློང་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་མང་སེམས་དཀྲུག་པ། ཆོས་ལུགས་ཞེན་ཁོག་གཙོ་བོར་བཟུང་ནས་འཇིགས་བསྐུལ་རིང་ལུགས་ཀྱི་བསམ་བློ་དང་ངན་སྤྱོད་སོགས་འགོག་ཐབས་ཡིན་ཞེས་བཤད་འདུག

མ་ཚད་ཆོས་ལུགས་ཀྱི་བྱེད་སྒོ་གང་རུང་དྲྭ་ཐོག་ནས་སྤེལ་དགོས་བྱུང་ན། ངེས་པར་ཏུ་འབྲེལ་ཡོད་ལས་ཁང་ནས་ཆོག་མཆན་ཞུས་སྟེ་སྤེལ་དགོས་པ་ལས། དེ་མིན་གང་བྱུང་དྲྭ་ཐོག་ནས་ཆོས་ལུགས་དང་འབྲེལ་བྱེད་སྒོ་དང་གནས་འཕྲིན་བརྒྱུད་བསྐུལ་སོགས་བྱེད་ཚེ་ཉེས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་ཡིན་སྐོར་བཤད་ཡོད། ཁྲིམས་ལུགས་འདི་ཉིན་ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱེད་རྒྱུ་རེད་འདུག

ཁྲིམས་ལུགས་འདི་གཏན་འབེབས་བྱས་རྗེས། རྒྱ་ནག་ནང་མི་ཚོས་དགོན་པ་དང་ཆོས་ཚོགས་སོགས་ཆོས་ལུགས་དང་འབྲེལ་བའི་དྲྭ་རྒྱ་བརྒྱུད་ལམ་ཁག་སྒོ་བརྒྱབ་རྒྱུར་བྲེལ་ལ་བྱེད་ཀྱིས་ཡོད་པ་དང་། ཆོས་དད་ཅན་གྱི་མི་དམངས་རྣམས་ཀྱི་སེམས་ནང་དངངས་འཚབ་སླེབས་ནས་སོ་སོ་ཆོས་ལུགས་དང་འབྲེལ་བའི་དྲྭ་རྒྱ་བརྒྱུད་ལམ་ཁག་ནས་གང་མགྱོགས་ཕྱི་འཐེན་བྱེད་ཀྱི་འདུག མང་གཙོ་དོན་གཉེར་བ་མང་པོས་འདི་ནི་རྒྱ་ནག་གཞུང་གིས་ཆོས་ལུགས་དད་པ་རང་མོས་ལ་འགོག་རྐྱེན་བཟོས་པ་དང་། མི་མང་གི་གཞི་རྩའི་ཐོབ་ཐང་ལ་རྡོག་རུལ་གཏོང་གི་ཡོད་སྐོར་གསུང་གི་འདུག

 

 

(Visited 1 times, 1 visits today)