བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཁྲིམས་ལུགས་གོ་རྟོགས་ཀྱི་ལས་འགུལ་འདྲ་མིན་འཐུས་ཚང་སྤེལ་ཆེད། ཕྱི་ལོ་ ༢༠༡༦ ལོར་བོད་མིའི་ཁྲིམས་ལུགས་སློབ་མ་མང་ཤོས་ཡོད་ས་སྟེ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་མེ་སཱོ་རུ་ས་གནས་ཚོགས་པ་བཙུགས་ཡོད་པ་དང་། ཁོང་རྣམས་པས་རང་ཉིད་ཀྱིས་སློབ་དུས་གོང་སེང་དང་བསྟུན་བཙན་བྱོལ་བོད་མིའི་གནས་སྡོད་བྱ་ཡུལ་དུ་ཁྲིམས་ལུགས་ཀྱི་གོ་རྟོགས་དང་ལས་འགུལ་འདྲ་མིན་སྤེལ་གྱིས་ཡོད། ཚོགས་པའི་རྒྱུན་ལས་རྣམ་པའང་ས་གནས་དེ་གར་གནས་པའི་ཚོགས་མི་རྣམ་པས་འོས་འདེམ་བྱེད་ཀྱིས་ཡོད།

ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༣ རེས་གཟའ་སྤེན་པའི་ཉིན་སྦེང་ལོར་ས་གནས་བོད་མིའི་་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་མི་རྣམས་མཉམ་འཛོམས་ཐོག་སྐབས་རྗེས་མའི་རྒྱུན་ལས་གསར་འདེམ་བྱུང་ཞིང་ལས་འགུལ་གསར་པ་སྤེལ་རྒྱུའི་ཐོག་འཆར་འགོད་ལེགས་འགྲུབ་བྱུང་འདུག རྒྱུན་ལས་གསར་འདེམ་བྱ་པའི་ལས་ཚོགས་གཙོ་ཉི་འོད་དང་ཚོགས་གཞོན་ཚེ་རིང་བཀྲ་ཤིས།དྲུང་ཆེ་ལྷག་པ་དོན་འགྲུབ། དངུལ་གཉེར་བསྟན་འཛིན་སྒྲོལ་དཀར་བཅས་གསར་དུ་འདེམས་ཐོན་བྱུང་བར་འདི་ག་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་དབུས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་སྐབས་རྗེས་མའི་ལས་དོན་ཐ་དག་ལམ་ལྷོངས་དང་ལས་འགན་དོན་དང་ལྡན་པ་ཡོང་བའི་ཡིད་ཆེས་ཆེན་པོ་ཡོད།

མ་ཟད་རྒྱུན་ལས་རྙིང་པ་ཚོགས་གཙོ་དཀོན་མཆོག་རིན་ཆེན་དང་ཚོགས་གཞོན་མགོན་རྒྱལ། དྲུང་ཆེ་ཉི་འོད། དངུལ་གཉེར་ཆོས་སྐྱིད་དང་ཐུབ་བསྟན་བསོད་ནམས་བཅས་ནས་འགན་བླངས་ཏེ་ལོ་གཅིག་ཧྲིལ་པོར་ལས་འགུལ་དོན་སྙིང་ལྡན་པ་མང་པོ་སྤེལ་ཐུབ་པར་སྙིང་ནས་དགའ་ཚོར་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

(Visited 1 times, 1 visits today)