ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༨ ཉིན་ལྷོ་ཕྱོགས་ས་གནས་བོད་མའི་ཁྲིམས་ལུགས་རིག་པ་བའི་ཚོགས་པས་ཚོགས་ཆེན་ཚོགས་པ་དང་། རྒྱུན་ལས་གསར་པ་འདེམས་ཐོན་བྱུང་ཡོད་པ།

ཕྱི་ལོ་ ༢༠༡༧ ནས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ངོས་ནས་ལྷོ་ཕྱོགས་ས་གནས་ཁག་གི་བོད་མི་ཚོའི་ཁྲིམས་དོན་དཀའ་ངལ་སེལ་པར་རོགས་འདེགས་བྱེད་རྒྱུ་དང་། ལྷོ་ཕྱོགས་ས་ཁུལ་དུ་ཡོད་པའི་བོད་མི་མང་ཚོགས་དང་སློབ་གྲྭ། དགོན་སྡེ་ཁག་གི་གྲྭ་བཙུན་སོགས་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་རྒྱུའི་ཆེད་མེ་སོར་ས་གནས་དང་སྦེན་ལོར་ས་གནས་གཉིས་སུ་ཡན་ལག་ཚོགས་པ་གཉིས་བཙུགས་ཡོད་པ་དང་། ཡན་ལག་ཚོགས་པ་འདི་གཉིས་ཀྱི་ཚོགས་མི་ཚང་མ་ད་ཡོད་ཀྱི་ཁྲིམས་ལུགས་སློབ་མ་རྐྱང་རྐྱང་ཡིན་པ་དང་། ཁོང་ཚོས་སོ་སོའི་གུང་སེང་གི་དུས་ཚོད་དང་སྟབས་བསྟུན་གྱིས་ལྷོ་ཕྱོགས་ས་གནས་ཁག་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་བ་དང་། ཁྲིམས་དོན་གྱི་དཀའ་ངལ་སེལ་བ་སོགས་གནང་གི་ཡོད་པ་མ་ཚད། བརྙན་ཐུང་བཟོ་བསྐྲུན་གྱིས་ཁྲིམས་ལུགས་གོ་རྟོགས་སྤེལ་ནས་རྒྱ་ཆེན་མང་ཚོགས་ནས་ཧ་ཅང་དགའ་མོས་བྱེད་ཡུལ་དུ་འགྱུར་ཡོད།

ཡིན་ནའང་ད་ཆར་མེ་སོར་ས་གནས་སུ་བོད་པའི་ཁྲིམས་ལུགས་སློབ་མ་ལོ་རེ་ནས་ཉུང་དུ་ཕྱིན་ཡོད་པ་དང་། ཁྲིམས་ལུགས་མཐོ་སློབ་ཏུ་སློབ་འཇུག་བྱེད་མཁན་དཀོན་པོ་ཆགས་པ་སོང་། དབུས་དང་ས་གནས་གཉིས་ཀྱི་གོ་བསྡུར་ཐོག་གནས་སྐབས་རིང་ས་གནས་ཚོགས་པ་གཉིས་ཟླ་སྒྲིལ་གཏོང་ནས་ལྷོ་ཕྱོགས་ས་གནས་བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པ་ཞེས་གསར་འཛུགས་བྱེད་རྒྱུའི་ཐག་གཅོད་བྱུང་ཡོད།

ཟླ་འདིའི་ཚེས་ ༨ ཉིན་ས་གནས་གཉིས་ཀྱི་རྒྱུན་ལས་རྣམ་པ་སྦེན་ལོར་གྲོང་ཁྱེར་འཛོམས་ནས་ཚོགས་ཆེན་བསྐོངས་ཚོགས་བྱས་པ་དང་། རྒྱུན་ལས་གསར་འདེམས་བྱེད་པ། རྒྱུན་ལས་ལས་ལོ་གཅིག་གི་རིང་ལས་འགུལ་སྤེལ་ཕྱོགས་སྐོར་སོགས་ཀྱི་ཐད་གྲོས་བསྡུར་མཐིལ་ཕྱིན་བྱས་ཏེ་ཚོགས་ཆེན་ལེགས་གྲུབ་བྱུང་ཡོད།

(Visited 1 times, 1 visits today)