ཟླ་འདིའི་ཚེས་ ༨ ཉིན་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་དང་ཕྱི་སྲིད་ལས་ཁུངས་གཉིས་ནས་བཀོད་ཁྱབ་བཏང་བ་ལྟར་ན། རྒྱ་གར་ནང་དུ་གནས་སྡོད་བོད་མི་རྣམས་ཀྱིས། སྐྱབས་བཅོལ་ལག་དེབ་(RC)དུས་འགྱངས་ཉིན་གཅིག་ནས་༩༠ བར་རྗེས་ལུས་ཐེབས་པ་ཡིན་ན་ཧིན་སྒོར་ ༡༠༠ ཐམ་པ་དང་། ཉིན ༩༡ ནས་ལོ་ ༢ བར་དུས་འགྱངས་རྗེས་ལུས་ཐེབས་ན་ཧིན་སྒོར་ ༢༠༠། དེ་བཞིན་ལོ་ ༢ དང་དེ་ལས་ལྷག་རྗེས་ལུས་ཐེབས་ན་ཧིན་སྒོར་ ༥༠༠ ཡི་ཉེས་ཆད་གཅོད་རྒྱུ་ཡིན་འདུག

བཀོད་ཁྱབ་འོག་མཆན་ཞིག་བཀོད་པའི་ནང་། ད་བར་བོད་མི་ཚོས་དུས་ལྟར་དེབ་སྐྱེལ་མ་བྱས་པའམ་ཉེས་ཆད་སྤྲོད་མ་ཐུབ་པར་ལྷག་བསྡད་ཡོད་པ་རྣམས་ཀྱིས་གོང་འཁོད་ཉེས་ཆད་ཀྱི་ཚད་གཞི་ལྟར་སྤྲད་ན་འགྲིག་ཅེས་དང་། སྒྲིག་གཞི་གསར་པ་དེ་གང་མགྱོགས་ལག་བསྟར་དགོས་པའི་བཀའ་མངགས་གནང་འདུག

འདས་ལོར་རྒྱ་གར་གཞུང་ནས་སྐྱབས་བཅོལ་ལག་དེབ་དུས་འགྱངས་རྗེས་ལུས་ཉིན་ ༡ ནས་ ༩༠ བར་ཐེབས་ན་ཨ་སྒོར་ ༣༠༠ དང་། ཉིན་གྲངས་ ༩༡ ནས་ལོ་ ༢ རྗེས་ལུས་ཐེབས་ན་ཨ་སྒོར་ ༤༠༠། ལོ་ ༢ བརྒལ་ན་ཨ་སྒོར་ ༥༠༠ ཡི་ཉེས་ཆད་གཅོད་རྒྱུ་ཡིན་པའི་བཀོད་ཁྱབ་གནང་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ལས་ཉིན་ ༢ པའི་ཐོག བོད་མི་མང་སྤྱི་འཐུས་ཁག་ཅིག་ནས་བོད་མི་ཚོར་སྐྱབས་བཅོལ་ལག་དེབ་དུས་འགྱངས་སོགས་ཀྱི་ཐད་ནས་དཀའ་ངལ་སྔར་ལས་ལྷག་པ་འཕྲད་བཞིན་ཡོད་པ་དང་། དེ་བཞིན་བོད་མི་ཚོས་སྐྱབས་བཅོལ་ལག་དེབ་དུས་ཐོག་ཕར་འགྱངས་མ་ཞུས་པའི་དངུལ་ཆད་ལ་ཨ་སྒོར་སྤྲོད་དགོས་ཀྱི་འདུག་ཀྱང་། བྷང་ལ་ཌི་ཤི་དང་པཱ་ཀི་སི་ཐན་གྱི་སྐྱབས་བཅོལ་བ་དེ་ཚོས་ཧིན་སྒོར་ཐོག་ནས་སྤྲོད་ཀྱི་འདུག་པས། འབྲེལ་ཡོད་ལས་ཁུངས་ཁག་གིས་རྒྱ་གར་ལས་ཁུངས་དང་འབྲེལ་བ་བྱས་ཏེ། བོད་མི་རྣམས་ལ་ཡང་ཁོ་ཚོ་ལྟར་ཧིན་སྒོར་ནང་དངུལ་ཆད་སྤྲོད་རྒྱུ་ཡོང་བ་ཞིག་བཟོ་གལ་ཆེ་སྐོར་ཞུས་ཡོད་པ་ལྟར། བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་གིས་དཀའ་ངལ་དེ་ཚོ་སེལ་ཆེད་རྒྱ་གར་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་འབྲེལ་བ་ཞུས་དང་ཞུ་མུས་ཡིན་སྐོར་གསུངས་པ་བཞིན། ད་ལྟ་རྒྱ་གར་ནང་སྐྱབས་བཅོལ་དུ་ཡོད་པའི་བྷང་ལ་ཌི་ཤི་དང་པཱ་ཀི་སི་ཐན་སོགས་དང་གཅིག་པ་བཟོས་གནང་ཡོད་པ་རེད།

(Visited 1 times, 1 visits today)