བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་རྣམ་པའི་སྤྱན་སྔར།

སྒོ་ཤེས་རབ་རྒྱ་མཚོ་ནི་འཆད་རྩོད་རྩོམ་གསུམ་གྱིས་ཕྱུག་པའི་མཁས་པ་ཞིག་ཡིན་པ་དང་། ཉེ་ཆརཁོང་ལ་ལྷ་སའི་འབྲིང་རིམ་ཁྲིམས་ཁང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཏགས་ནས་ལོ་བཅུའི་བཙོན་འཇུག་གི་ཉེས་ཆད་བཅད།

ལྐོག་གྱུར་གྱི་ཐག་བཅད་དེ་ལ་ང་ཚོ་མང་ཚོགས་དཀྱུས་མ་མང་དག་ཅིག་མོས་འདུན་མེད་པས་ངེད་ཅག་གིས་དམངས་ཁྲོད་དག་སེལ་ཡི་གེ་འདི་བྲིས་ཤིང་། དྲང་བདེན་གྱི་བདག་ཉིད། རང་དབང་ཁྲིམས་སྐྱོང་གི་སྲུང་མར་བསྐོས་པའི་ཁྱེད་ཁྲིམས་དཔོན་རྣམ་པས་དག་སེལ་ཡི་གེ་འདི་དང་བདེན་པ་ཉིད་ལ་གཞིགས་ཏེ་སྒོ་ཤེར་ཉེས་ལྡན་དུ་བསྙེད་པའི་ལྷ་སའི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་བཅད་ཁྲའི་ནོར་འཁྲུལ་བཟློག་སྟེ། ཁོང་ལ་ཉེས་པ་ཅི་ཡང་མེད་པའི་མཐའ་བཤེར་གྱི་ཞལ་ལྕེ་ཡང་དག་པར་གཅོད་པར་སྤྱི་འབངས་ངེད་ཅག་གིས་འབོད་སྐུལ་ཞུ། རྒྱུ་མཚན་གཤམ་ཏུ་གསལ་བ་ལྟར།

དང་པོ། སྟོབས་ལྡན་ཀྲུང་གོ་རྒྱལ་ཁབ་དང་གུང་ཁྲན་ཏང་གི་སྲིད་དབང་ནི་འཛམ་བུ་གླིང་ན་འགྲན་ཟླ་བྲལ་བའི་ཏོག་ལྟར་གྱུར་ཡོད་པས་ན། སྤྱི་དམངས་སུ་གྱུར་བའི་གྲྭ་བཙུན་དཀྱུས་མ་གང་རུང་ཞིག་གི་ངག་དང་རྩོམ་གྱི་རིག་བྱེད་སོགས་ཀྱིས་དེའི་བ་སྤུ་ལའང་གནོད་མི་ནུས་པས་ན་དེའི་མགོ་རྟིང་བསློག་པའམ་ཁ་ཕྲལ་ཏུ་གཏོང་བ་ལྟ་ཅི་སྨྲོས། སྒོ་ཤེར་གྱིས་གལ་ཏེ་ཤིན་ཏུ་ནས་མི་སྙན་པའི་སྐད་ཆ་བཤད་པའམ་རྩོམ་བྲིས་ནའང་སྟོབས་ལྡན་སྲིད་དབང་དང་རྒྱལ་ཁབ་འདི་ལ་གནོད་ཉེན་ཅི་ཡང་བསྐྱེད་མི་སྲིད་ལ་རྒྱལ་ཁབ་ཁ་ཕྲལ་ཏུའང་གཏོང་མི་སྲིད་པའི་རྒྱུ་མཚན་གྱིས་ཁོང་ལ་རྒྱལ་ཁབ་ཁ་ཕྲལ་གྱི་ཉེས་མིང་གིས་བདའ་འདེད་བྱས་ན་མི་རིགས་སོ། མི་དམངས་ཀྱི་གཏམ་བཤད་ཀྱིས་འཇིག་ཉེན་བསྐྱེད་ཐུབ་པའི་རྒྱལ་ཁབ་བམ་སྲིད་དབང་ལ་མི་དམངས་ཀྱི་རང་བཞིན་དང་རྨང་གཞི་མེད་པ་མཚོན་ཅིང་། དེ་འདྲའི་སྲིད་དབང་ནི་དམངས་གཙོའི་སྲིད་དབང་མིན་པར་ལོག་སྤྱོད་པ་གོ་མིན་ཏང་ལྟ་བུའི་སྒེར་གཅོད་སྲིད་དབང་ཡིན། གུང་ཁྲན་ཏང་གི་སྲིད་དབང་ལ་མི་དམངས་ཀྱི་རྨང་གཞི་དང་རྒྱབ་སྐྱོར་བརྟན་བརླིང་ཡོད་ཕྱིན། མི་དམངས་ཀྱི་བསམ་འཆར་དང་སྐྱོན་བརྗོད་འདུས་པའི་གཏམ་བཤད་ནི་གུང་ཁྲན་ཏང་གི་སྲོག་རྩ་རུ་གྱུར་ཡོད་པ་ཏང་གི་བཅའ་ཡིག་དང་རྩ་ཁྲིམས་སོགས་སུ་གསལ། ཤེས་རབ་ལྡན་པས་ཉེས་པ་དག ། སེལ་བར་ནུས་ཀྱི་བླུན་པོས་མིན། །ནམ་མཁའ་ལྡིང་གིས་དུག་ཅན་སྦྲུལ། །གསོད་པར་ནུས་ཀྱི་ཁྭ་ཏས་མིན། ཅེས་པར་ལྟར་མི་དམངས་ཀྱི་བསམ་ཚུལ་དང་སྐྱོན་བརྗོད་སེལ་བར་ནུས་པའི་སྲིད་དབང་ནི་ཡུན་བརྟན་དུ་གནས་ཤིང་། མི་དམངས་ཀྱི་སྐྱོན་བརྗོད་རྩ་བ་ཉིད་ནས་མི་སེལ་བའམ་དང་དུ་མི་ལེན་པའི་སྲིད་དབང་ནི་ཡུན་ཐུང་དུ་གནས་སོ། དེའི་ཕྱིར་སྒོ་ཤེར་གྱིས་གལ་ཏེ་སྲིད་དབང་དང་རྒྱལ་ཁབ་ལ་རྣར་གཟན་པའི་སྐད་ཆ་བཤད་པའི་དབང་དུ་བཏང་ནའང་། ཁོང་གི་རིག་བྱེད་དེ་ལ་ཁྱེད་ཁྲིམས་དཔོན་རྣམ་པས་དུག་སྦྲུལ་མཁའ་ལྡིང་ལ་ཕན་པ་དང་། སྐྱོན་བརྗོད་སྲིད་དབང་ལ་ཕན་པར་བལྟ་དགོས་པ་མ་གཏོགས་དགྲ་ལྟར་བཟུང་ནས་ཚར་བཅད་ན་མི་འགྲིག་པར་མཐོང་། མ་ཟད་སྒོ་ཤེར་གྱི་གཏམ་བཤད་དང་བརྩམས་ཆོས་གང་རུང་དུ་མི་རིགས་ཁ་བྲལ་གྱི་ལྟ་གྲུབ་བརྗོད་མེད་ལ་དེ་ལས་ལྡོག་སྟེ་ཀྲུང་ཧྭ་མི་རིགས་ཀོང་བུ་གཅིག་གྱུར་ལ་ལྷག་བསམ་གྱིས་རྒྱབ་སྐྱོར་དང་སྐུལ་སློང་བཏང་ཡོད། ཁྱེད་ཁྲིམས་དཔོན་རྣམ་པས་གནད་དེ་ལ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་སྟེ་རྩ་ཁྲིམས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ལ་སྨྲ་བརྗོད་རང་དབང་ཡོད་ཅེས་པའི་གདམ་ངག་དེ་ལ་དྲན་པ་ཉེ་བར་བཞག་ཅིང་སྒོ་ཤེར་གྱི་སྨྲ་བརྗོད་ཀྱིས་སྲིད་དབང་དང་མི་དམངས་བྱིངས་ལ་བསྐྲུན་པའི་དགེ་མཚན་ལ་བསམ་སྟེ་ཆབ་སྲིད་ལངས་ཕྱོགས་ཀྱི་ཐད་ནས་སྒོ་ཤེར་ལ་ནོར་འཁྲུལ་ཕར་ཞོག་བྱས་རྗེས་ཡོད་པའི་གནད་དེ་ལ་བསམ་བློ་གཏོང་རོགས།

གཉིས་པ། ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་ཡི་གཏན་འབེབས་ལྟར་ན། རྒྱལ་ཁབ་ཁ་བྲལ་དང་དེ་ལ་སྐུལ་སློང་གི་ཉེས་སྤྱོད་ཀྱི་ངོ་བོ་ནི་གང་ཟག་དང་ཚོགས་པ་གང་རུང་གིས་བསམ་བཞིན་དང་ཉམས་འདུན་གྱིས་རྒྱལ་ཁབ་ཁ་བྲལ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བརླག་གི་སྦྱོར་བ་དང་ཡང་ན་དེ་ལ་སྐུལ་སློང་བྱས་པའི་སྦྱོར་བ་རྒྱུན་མ་ཆད་པ་དེ་ཡིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་འབྲེལ་ཡོད་འགྲེལ་བཤད་ཀྱི་ནང་དུ་རྒྱལ་ཁབ་ཁ་བྲལ་གྱི་སྦྱོར་བ་ནི་རྩ་འཛུགས་དང་ལས་གཞི་ལྡན་པའི་སྒོ་ནས་རྒྱལ་ཁབ་མངའ་འོག་གི་ས་ཆ་གང་རུང་ཞིག་རང་བཙན་འཐོབ་པར་བྱེད་པའམ། སྲིད་གཞུང་ལོགས་སུ་འཛུགས་པ། རྒྱལ་ཁབ་སིལ་བར་བཏང་སྟེ་མི་རིགས་གཅིག་གྱུར་གྱི་རྣམ་པར་གཏོར་བརླག་བྱས་པ། མི་རིགས་མཐུན་སྒྲིལ་ལ་གཏོར་བརླག་བྱས་ཏེ་མི་རིགས་རང་བཙན་དང་ཁ་བྲལ་གྱི་རྣམ་པ་བཟོ་བའི་སྦྱོར་བ། དེ་བཞིན་དུ་གོང་གི་དམིགས་ཡུལ་དེ་དག་མངོན་གྱུར་ཡོང་ཆེད་ལྐོག་ཇུས་འདིང་བ་དང་ལྐོག་ཇུས་ལྟར་ལས་གཞི་སྤེལ་བའི་སྦྱོར་བ་བཅས་ཡིན་ཞེས་གསལ་ཁ་ཅུང་ཟད་གཏད་ཡོད་པ་ལྟར་ན། སྒོ་ཤེར་ལ་ཉེས་སྤྱོད་འདི་དག་བསྐྱེད་པའི་སྦྱོར་བ་མེད་པ་ཁོང་གི་གཏམ་བཤད་དང་བརྩམས་ཆོས་སོགས་ཀྱིས་མངོན་སུམ་དུ་མཚོན་ཐུབ། སྒོ་ཤེར་གྱིས་ནམ་རྒྱུན་བོད་མི་རིགས་ཀྱི་ཆོས་དང་རིག་གནས་དང་འཚོ་ཚིས་ཡར་རྒྱས་སུ་ཕྱིན་ན་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཡར་རྒྱས་སུ་ཕྱིན་པ་དང་། དེ་ཉམས་ན་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ཀྱི་ཡ་གྱལ་ཏུ་གྱུར་བའི་རིག་གཞུང་ཉམས་རྒུད་དུ་ཕྱིན་པ་རེད་ཅེས་བཤད་གི་ཡོད་པ་མ་ཟད། ལྟ་བ་དང་ལག་ལེན་ད་དུང་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ན་ལུས་ཡོད་པའི་བོད་ཀྱི་དགོན་སྡེ་དང་བླ་སྤྲུལ་དང་གྲྭ་བཙུན་ཁ་ཤས་ལ་སྤྱོས་ཏེ་དེང་རབས་ཀྱི་རྗེས་ཆོད་པར་སྐུལ་སློང་བྱས་རྐྱེན། བོད་མི་རིགས་རྗེས་ལུས་དང་རྨོངས་དད་ཀྱི་རྣམ་པ་བསྒྱུར་ཏེ་བསམ་བློ་དང་ལག་ལེན་སྔོན་ཐོན་དང་དེང་རབས་ཅན་དུ་བསྒྱུར་ན་དེས་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཕན་པ་ལས་གནོད་པ་ཡེ་ནས་མེད་པས། སྦྱོར་བ་འདི་རིགས་ལ་རྒྱལ་ཁབ་དང་སྲིད་གཞུང་གིས་རྒྱབ་སྐྱོར་དང་གཟེངས་བསྟོད་བྱེད་དགོས་པ་མ་གཏོགས་འབུར་འཇོམས་དང་ཚར་དུ་བཅད་ན་ག་ལ་རུང་། དེ་མིན་རྒྱལ་ཁབ་ཁ་བྲལ་ཏུ་གཏོང་བར་གང་ཟག་ཁེར་རྐྱང་ཡིན་པའི་གྲྭ་བཙུན་དབང་མེད་འཁོས་ཆུང་ཞིག་གིས་བསྒྲུབ་ནུས་པ་ཞིག་ག་ལ་ཡིན། མདོར་ན། སྒོ་ཤེར་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་སྤྱོད་ཀྱི་གཞི་བསམ་པ་སྦྱོར་བ་མཐར་ཐུག་གི་ཡན་ལག་ཅི་གང་ཡང་ཚང་མེད་པས་ན་ཁོང་ལ་ལོ་བཅུའི་བཙོན་འཇུག་གི་ཉེས་ཆད་བཅད་པ་དེ་ལ་ཁྲིམས་ལུགས་དང་དོན་དངོས་ཀྱི་རྨང་གཞི་མེད་པས་ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཐག་བཅད་དེ་ནི་ནོར་འཁྲུལ་ཡིན། ཉེས་ཁྲིམས་ཀྱི་དོན་ཚན་གསུམ་པའི་ནང་སྦྱོར་བ་གང་ཞིག་ཁྲིམས་ལུགས་ཀྱིས་གསལ་ཁ་གཏོད་དེ་ཉེས་སྤྱོད་ཀྱི་སྦྱོར་བ་ཡིན་པར་གཏན་ལ་དབབ་ན། སྦྱོར་བ་དེ་ལ་ཁྲིམས་ལྟར་ཉེས་མིང་བཀལ་ཏེ་ཉེས་ཆད་གཅོད་དགོས། སྦྱོར་བ་གང་ཞིག་ཁྲིམས་ལུགས་ཀྱིས་ཉེས་སྤྱོད་ཀྱི་སྦྱོར་བ་ཡིན་པ་གསལ་ཁ་གཏོད་མེད་ན། སྦྱོར་བ་དེ་ལ་ཉེས་མིང་འགེལ་མི་ཆོག་པ་དང་ཉེས་ཆད་བཅད་མི་ཆོག་ཅེས་པའི་གཏན་འཁེལ་ལྟར། སྒོ་ཤེར་གྱི་སྦྱོར་བ་ནི་ཁྲིམས་ལུགས་ཀྱིས་གནང་བའི་སྦྱོར་བ་ཡིན་པས་ན་ཁོང་ལ་ཉེས་ཆད་བཅད་ན་ཉེས་ཆད་ཁྲིམས་ཀྱིས་གཏན་དབབ་ཀྱི་རྩ་དོན་(罪刑法定原则)འདི་ལ་འགལ།

གསུམ་པ། ལྷ་སའི་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ཉེས་ཆད་བཅད་པའི་བཅད་ཁྲ་མངོན་སུམ་དུ་སྒྲོག་སྦྱངས་མི་བྱེད་པའི་ལས་ཀ་ལས་སྟངས་འདི་ཁྲིམས་ལུགས་ལ་འགལ་ཡོད། ཉེས་དོན་གཏུག་བཤེར་ཁྲིམས་ཀྱི་དོན་ཚན་༡༩༦་བའི་ནང་དུ་ཁྲིམས་ཁང་གིས་ཁྲིམས་བཅད་ཡོད་དོ་ཅོག་ངེས་པར་དུ་ཀུན་གྱིས་ཤེས་རུང་གི་སྒོ་ནས་སྒྲོགས་སྦྱངས་བྱེད་དགོས་ཤིང་། ཁྲིམས་ར་མཇུག་རྫོགས་ནས་དེ་མ་ཐག་ཏུ་ཁྲིམས་བཅད་སྒྲོགས་སྦྱངས་བྱས་ན་བཅད་ཁྲ་ཉིན་ལྔ་ཡི་ཚུན་དོ་བདག་དང་གཞུང་གཏུག་གི་ལག་ལ་འཕྲོད་དུ་འཇུག་དགོས། དུས་ཚོད་ངེས་གཏན་གྱི་ནང་དུ་ཁྲིམས་བཅད་སྒྲོགས་སྦྱངས་བྱེད་ན་བཅད་ཁྲ་སྐབས་དེ་དང་བསྟུན་ནས་དོ་བདག་ལ་སྤྲོད་དགོས་ཞེས་གཏན་དབབ་བྱས་ཡོད། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཀྱང་དེ་མཚུངས་ཀྱི་ཁྲིམས་འཛིན་འགྲེལ་བཤད་སྤེལ་ཡོད་ཙང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁྲིམས་བཅད་སྤྱི་གསལ་གྱིས་སྒྲོགས་སྦྱངས་མི་བྱེད་པ་དང་། བཅད་ཁྲ་དུས་ལྟར་དོ་བདག་གི་ལག་ཏུ་མི་འཇོག་པ། སྒོ་ཤེར་གྱི་དག་སེལ་དང་གོང་གཏུག་གི་ཐོབ་ཐང་ལ་བརྩི་བཀུར་དང་ཁག་ཐེག་མི་བྱེད་པའི་ལས་ཀ་ལས་སྟངས་འདི་དག་ཁྲིམས་འཛིན་དང་གཏུག་བཤེར་ཁྲིམས་ལུགས་ཀྱི་རྩ་དོན་དང་བརྒྱུད་རིམ་ལ་འགལ་ཞིང་། སྒོ་ཤེར་གྱི་གོང་གཏུག་གི་ཐོབ་ཐང་ལའང་གནོད་པ་ཐེབས་ཡོད། ཉེས་དོན་གཏུག་བཤེར་ཁྲིམས་ཀྱི་དོན་ཚན་༢༡༦་ནང་། གྱོད་པའི་གོང་གཏུག་གི་ཐོབ་ཐང་དེ་རྒྱུ་མཚན་གང་རུང་ལ་ཁ་གཡར་ཏེ་འཕྲོག་ལེན་བརྩིས་མེད་བྱས་མི་ཆོག་ཅེས་གཏན་འཁེལ་བྱས་ཡོད། མ་ཟད། ཉེས་དོན་གཏུག་བཤེར་ཁྲིམས་ཀྱི་དོན་ཚན་༡༨༣་ནང་མི་དམངས་ཁྲིམས་ཁང་གིས་ཁྲིམས་ར་འཚོགས་ཏེ་ཉེས་དོན་གྱོད་གཞི་སྤྱི་གསལ་གྱིས་ཁྲིམས་བཤེར་བྱེད་དགོས་ཞེས་གཏན་འབེབས་བྱས་ཤིང་། སྒོ་ཤེར་གྱི་གྱོད་གཞི་ནི་རྒྱལ་ཁབ་ཀྱི་གསང་བ་དང་། གང་ཟག་དང་ཚོང་ལས་ཀྱི་གསང་བ་ཅན་གྱི་གྱོད་གཞི་མིན་པས་ན། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྤྱི་གསལ་གྱི་ཁྲིམས་ར་མ་འཚོགས་པར་ལྐོག་གྱུར་གྱི་ཁྲིམས་བཤེར་བྱས་ནས་མི་དམངས་ལ་དབང་བའི་ཁྲིམས་ར་མཐོང་ཐོས་ཀྱི་སྒོ་ནས་ཁྲིམས་ཁང་གི་ལས་ཀར་ལྟ་རྟོག་བྱེད་པའི་གོ་སྐབས་འཕྲོག་པ་དེ་ཡང་ཁྲིམས་ལུགས་ལ་འགལ།

མདོར་ན། ཁྲིམས་འཛིན་གྱོད་གཞི་རེ་རེའི་ནང་མི་དམངས་མང་ཚོགས་ལ་དྲང་བདེན་དྲང་བཞག་གི་མྱོང་ཚོར་ཐུབ་རྒྱུར་འབད་བརྩོན་བྱེད་དགོས། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྒོར་ཤེར་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་གིས་བཙོན་ཆད་ལོ་བཅུར་བཅད་པ་དེ་ལ་དོན་དངོས་གྱི་གཞི་འཛིན་ས་མེད་ཅིང་དཔང་རྟགས་མི་ཚང་བ། དངོས་གཞི་ཁྲིམས་དང་བརྒྱུད་རིམ་ཁྲིམས་ཀྱི་གཏན་འཁེལ་དང་རྩ་དོན་བཅས་དང་མི་མཐུན་པའི་གནད་དོན་ཡོད་པས་ན། བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་འདིར་ཁྲིམས་བཤེར་བྱས་ཏེ་ཁོང་ཉེས་མེད་ཡིན་པ་སྒྲོགས་པའམ་ཡང་ན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་འདི་ལ་ཡང་བསྐྱར་ཁྲིམས་བཤེར་བྱེད་པར་བཀའ་བསྒོ་བར་མཁྱེན་མཁྱེན། དེ་མིན་སྒོ་ཤེར་ནི་གཅོང་ནད་ཀྱིས་ཟིན་པའི་ནད་པ་ཞིག་ཡིན་པས། ཁྲིམས་བཤེར་གྱི་བཀག་ཉར་སྐབས་སུ་ཁོང་ལ་སྨན་བཅོས་ཚད་ལྡན་ཞིག་འཐོབ་ཆེད་ཁོང་ལ་གཏའ་གྲོལ་ཐབས་ཚུལ་སྤྱད་དེ་རེ་ཞིག་གློད་གྲོལ་གྱིས་སྨན་བཅོས་གོ་སྐབས་སྤྲོད་པའང་ངེད་ཅག་གིས་ཁྱེད་ཁྲིམས་དཔོན་རྣམ་པར་བཅིང་བའི་རེ་འདུན་ཡིན།

དམངས་ཁྲོད་དག་སེལ་ཞུ་མཁན། སྒྲོལ་མ་སྐྱབས་ལ་སོགས་པའི་མི་མང་གིས་ཟླ་ཚེས་བཟང་པོར་ཕུལ།

༡༢།༢༢

མཆན།

སྒོ་ཤེས་རབ་རྒྱ་མཚོ་ལ་རྒྱབ་སྐྱོར་བྱེད་འདོད་མཁན་རྣམ་པས་ཉིན་མ་འདི་དག་གི་རིང་ལ་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་ཡི་གེ་འབྲི་བའམ། ཁ་པར་གཏོང་བ། དངོས་སུ་བཅར་བ་སོགས་ཀྱི་ཐབས་ཚུལ་ལ་བསྟེན་ཏེ་ཁོང་དཀར་འདོན་བྱེད་དགོས་པའི་རེ་འདུན་དེ་བརྗོད་དེ་ཁྲིམས་དཔོན་གྱིས་མཐའ་མའི་ཐག་གཅོད་པ་ཤུགས་རྐྱེན་བཟོ་དགོས། དེ་ལྟར་བྱས་ན་སྒོ་ཤེར་ལ་དྲང་བདེན་གྱི་ཐག་གཅོད་ཅིག་བྱེད་སྲིད། གཤམ་ཏུ་བཞག་ཡོད་པ་ནི་བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འབྲེལ་གཏུག་བྱེད་སའི་ཆ་འཕྲིན་ཡིན།

བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁ་པར། ༨༩༡ ༦༨༣ ༦༤༥༡
བོད་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དྲ་གནས། http://xzgy.chinacourt.gov.cn/index.shtml

གོང་འཁོད་རྩོམ་ཡིག་འདི་ནི་ཁྲིམས་གླེང་དྲྭ་བ་ནས་བཤུས།

(Visited 1 times, 1 visits today)