སློབ་རའི་ནང་སློབ་མར་ཐུབ་ཚོད་གཏོང་བའི་(校园欺凌)སྣང་ཚུལ་དང་སྔོན་འགོག་སྐོར་ལ་མིག་སྔར་སློབ་གསོ་པུའུ་དང་སྡེ་ཚན་ལས་ཁུངས་བདུན་གྱིས་སློབ་ཆུང་དང་སློབ་འབྲིང་དུ་སློབ་མའི་བར་ཐུབ་ཚོད་གཏོང་བའི་གནད་དོན་ཕྱོགས་སྣ་ཚོགས་ཀྱིས་འགོག་པ་དང་ཕྱིར་བཅོས་བྱེད་པའི་ཐབས་བཀོད་(加强中小学生欺凌综合治理方案) ཅེས་པ་ནང་དུ་གསལ་ཁ་གཏོད་དེ་གཏན་དབབ་བྱས་ཡོད་པ་མ་ཟད། ད་ལོ་ནས་བཟུང་ལག་བསྟར་བྱས་པའི་དམངས་ཁྲིམས་སྡེ་སྣོད་(民法典)དང་། ཉེས་ཁྲིམས་འཕར་བཅོས་ཀྱིས་ཀྱང་གནད་དོན་འདི་རིགས་བྱུང་ན་དམངས་དོན་དང་ཉེས་དོན་ཐད་ཀྱི་འགན་ཁུར་སྟངས་སོགས་གཏན་དབབ་བྱས་ཡོད། ང་རང་གི་བསམ་ཚུལ་ནི་གཤམ་གསལ་ལྟར།

དང་པོ། མི་རྣམས་ཀྱིས་སློབ་མའི་བར་ཐུབ་ཚོད་གཏོང་བའི་བརྙན་ཐུང་དང་པར་སོགས་བརྒྱུད་བསྐུར་བྱེད་དུས། ཐུབ་ཚོད་གཏོང་མཁན་དང་ཐུབ་ཚོད་ཐེབས་མཁན་སོགས་ཀྱི་བཞིན་རས་ངོས་བཟུང་ཡོད་པའི་སྒོ་ནས་མི་སྤེལ་བར་མོག་མོག་པོར་བྱས་ཏེ་སུ་ཡིན་ངོས་བཟུང་བྱེད་དཀའ་བར་བྱས་ཏེ་སྤེལ་ན་བཟང་། སློབ་མ་ལོ་ཆུང་སྟེ་ལྷག་པར་དུ་ལོ་བཅུ་དྲུག་དང་བཅུ་བཞིའི་མན་གྱི་བྱིས་གཞོན་རྣམས་ལ་སྤང་བླང་གི་གནས་འབྱེད་པའི་རྩོལ་ནུས་ཞན་པའི་དབང་གིས་ཁོང་ཅག་གི་ཉེས་བྱས་ཕལ་ཆེ་བ་ལ་ཉེས་ཁྲིམས་ཀྱི་བདའ་འདེད་མི་བྱེད་པའི་གུ་ཡངས་ཀྱི་བཅས་པ་ཡོད་པ་དེ་ཡང་གཞོན་ནུ་དེ་ཚོའི་དམིགས་བསལ་གྱི་ལུས་བསམ་གནས་སྟངས་ལ་གཞིགས་ཏེ་གཏན་དབབ་བྱས་ཤིང་། ཁོང་ཚོར་སློབ་གསོ་གཏོང་བ་གཙོ་བོར་བཟུང་སྟེ་ཁྲིམས་ཀྱིས་གཅུན་པ་ཕལ་བར་འཛིན་པ་ནི་ཁྲིམས་ཀྱི་དགོངས་དོན་ཡིན་ཙང་། སློབ་རའི་ཐུབ་ཚོད་གཏོང་བའི་བརྙན་སྤེལ་སྐབས་ང་ཚོས་ཀྱང་སློབ་མ་དེ་ཚོ་མ་འོངས་པར་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་ཆེད་དང་གསང་བྱའི་ཐོབ་ཐང་(隐私权)སོགས་ལ་དམིགས་དེ་བརྙན་དེ་རིགས་མི་སུ་ཡིན་ངོས་བཟུང་མེད་པའི་སྒོ་ནས་སྤེལ་དགོས། དམངས་ཁྲིམས་སྡེ་སྣོད་ཀྱི་ས་བཅད་བཞི་བའི་ནང་དུ་རང་བཞིན་གྱི་གང་ཟག་གི་གསང་བྱ་དང་བྱད་གཟུགས་སོགས་ཀྱི་ཐོབ་ཐང་ལ་གཞན་གྱིས་གནོད་འཚེ་བྱས་མི་ཆོག་པའི་གཏན་འཁེལ་བྱས་ཡོད། དེས་ན་བྱིས་གཞོན་དེ་དག་གི་བཞིན་རས་མངོན་གསལ་དུ་མཐོང་བའི་སྒོ་ནས་བརྙན་དང་པར་བརྒྱུད་བསྐུར་བྱས་ན་ཁོང་ཚོའི་དམངས་ཁྲིམས་དང་འབྲེལ་བའི་ཐོབ་ཐང་ལ་གནོད་པ་བསྐྱེལ་ཡོད་པས་དེ་ལྟར་མི་སྤེལ་བར་མཛོད།

གཉིས་པ། བྱིས་པ་དང་གཞོན་ནུ་རྣམས་ཀྱིས་ཤེས་དགོས་རྒྱུ་ཞིག་ནི། ཉེས་ཁྲིམས་ཀྱིས་ལོ་བཅུ་དྲུག་མ་ལོན་པའི་གང་ཟག་གི་ཉེས་སྤྱོད་ལ་བདའ་འདེད་མི་བྱེད་ནའང་། ལོ་བཅུ་བཞི་ནས་ལོ་བཅུ་དྲུག་གི་བར་གྱི་གང་ཟག་གིས་བསམ་བཞིན་དུ་མི་བསད་པའམ། བསམ་བཞིན་དུ་མི་གཞན་ལ་རྨས་སྐྱོན་ཚབས་ཆེན་བཟོས་པའམ་དེ་ལ་རྐྱེན་བྱས་ནས་ཤི་བ། བཙན་གཡེམ་དང་འཕྲོག་བཅོམ། དུག་རྫས་འཚོང་བ་དང་མེ་བཏང་བའི་ཉེས་སྤྱོད། འབར་རྫས་གད་པ་དང་དུག་འཕངས་པའི་ཉེས་སྤྱོད་བརྒྱད་ལ་ཉེས་འགན་ཁུར་དགོས་པ་མ་ཟད། ན་ནིང་ཟླ་བཅུ་གཉིས་པའི་ནང་དུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གིས་ཉེས་ཁྲིམས་ལ་འཕར་བཅོས་བྱས་ཏེ་ད་ལོའི་ཟླ་གསུམ་པའི་ཚེས་༡་ནས་བཟུང་། རང་ལོ་བཅུ་གཉིས་ལོན་ནས་བཅུ་བཞི་མ་ལོན་པའི་གཞོན་ནུ་ཕོ་མོས་བསམ་བཞིན་ཏུ་མི་བསད་པ་དང་། བསམ་བཞིན་གྱིས་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་པའམ་ཤི་རུ་བཅུག་པ། ཡང་ན་ཤིན་ཏུ་སྐྱི་གཡའ་བའི་བྱེད་ཐབས་ཀྱིས་མི་གཞན་ལ་རྨས་སྐྱོན་བཟོས་ཏེ་ཡན་ལན་སྐྱོན་ཅན་དུ་བཏང་ན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་བདའ་འདེད་བྱས་ཆོག་པའི་ཆོག་མཆན་ཐོབ་པའི་འོག་ཏུ་གང་ཟག་གམ་གཞོན་ནུ་དེའི་ཉེས་འགན་དེད་ཆོག་པའི་ཉེས་ཁྲིམས་ལག་བསྟར་བྱེད་རྒྱུ་ཡིན་པའི་ཐག་བཅད། དེས་ན་གཞོན་ནུ་ལོ་ཆུང་ལ་ལྟ་རྟོག་བྱེད་མཁན་རྣམས་ཀྱིས་ལོ་ཆུང་གིས་ཉེས་འགན་ཁུར་མི་དགོས་པའི་བསམ་བློ་དང་འདུ་ཤེས་དོར་དེ། ག་དུས་ཡིན་ཡང་མི་གཞན་ལ་བརྩི་བཀུར་བྱས་ཏེ་རྡུང་རྡེག་དང་འཕྲོག་བཅོམ་བརྙས་བཅོས་སོགས་བྱེད་མི་རུང་བའི་བསླབ་བྱ་བཏང་སྟེ། ཉེས་སྤྱོད་དེ་རིགས་ལ་ཁེ་ཕན་ཉུང་ཞིང་ཉེས་དམིགས་མང་བའི་གནད་དེ་ཡིད་ལ་དམ་དུ་འཛིན་ཏུ་འཇུག་དགོས། གང་ཟག་ཞིག་ཆུང་དུས་ནས་བཟུང་སྟེ་ཉེས་ཅན་གྱི་གྲས་སུ་བཞག་ན་མ་འོངས་བར་དེ་ལ་མདུན་ལམ་བཟང་པོ་དང་འཚོ་བ་བདེ་སྐྱིད་ཅིག་འབྱུང་བའི་གོ་སྐབས་ཉུང་། དེ་མིན་སྤྱི་ཚོགས་བདེ་སྲུང་དོ་དམ་གྱི་ཁྲིམས་ལྟར་ན། ཉེས་སྤྱོད་ཀྱི་ལོ་ཚད་མ་ལོན་པའི་གང་ཟག་གིས་ཉེས་སྤྱོད་དང་མཚུངས་ལྡན་གྱི་བྱ་སྤྱོད་བསགས་ན་གང་ཟག་དེ་ལ་སྲིད་འཛིན་ཆད་པ་བཅད་ཆོག་པའི་གཏན་འཁེལ་ཡོད།

གསུམ་པ། བརྙན་ཐུང་ནང་གི་ཐུབ་ཚོད་དངོས་སུ་གཏོང་མཁན་དང་། དེ་བཞིན་དུ་འཁྲིས་སུ་བརྙན་པར་བླངས་དེ་སྐུལ་སློང་དང་རྗེས་སུ་ཡི་རང་བྱེད་མཁན། ཅང་མི་སྨྲ་བར་འདུག་མཁན་བཅས་ཀྱི་སྤྱོད་ལམ་ལ་ང་ཚོས་སྤྱོ་རུང་ཞིང་སྤྱོ་དགོས་པ་ཞིག་ཡིན་མོད་ཀྱང་། དངོས་སུ་ཤུགས་དྲག་གིས་སྤྱོ་དགོས་པ་ནི་སློབ་གྲྭ་དེ་འཛིན་སྐྱོང་བྱེད་པའི་སློབ་གཙོ་དང་དགེ་རྒན། མི་དམངས་སྲིད་གཞུང་གི་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་སོགས་ཡིན་པར་བསམ། ཉིན་བདུན་བརྒྱད་ཀྱི་སྔོན་ཏུ་མི་དམངས་ཉིན་རེའི་ཚགས་པར་གྱི་དྲ་རྒྱའི་ནང་ལ་ཨན་ཝེ་ཞིང་ཆེན་གྱི་སློབ་འབྲིང་སློབ་མ་ཞིག་གིས་སློབ་མ་གཞན་ལ་འགྲམ་ལྕག་གཞུས་ཏེ་བརྒྱལ་ཏུ་བཅུག་སྟེ་ཐུབ་ཚོད་བྱས་པའི་རྐྱེན་གྱིས་ས་གནས་སྲིད་གཞུང་གིས་སློབ་གྲྭ་དེའི་སློབ་གཙོ་གནས་དབྱུང་བཏང་ཞིང་འགན་འཛིན་དགེ་རྒན་དེ་ལ་ཡང་སློབ་ཁྲིད་བྱས་མི་ཆོག་པའི་ཆད་པ་བཅད་པའི་གནས་ཚུལ་ཞིག་སྤེལ། འདིས་ཀྱང་ཁྲིམས་ཀྱི་ངོས་ནས་སློབ་མས་ཕན་ཚུན་བར་ཐུབ་ཚོད་གཏོང་བཞིན་པའི་གནད་དོན་ནི་སློབ་མའི་གནད་དོན་དང་འགན་ཁུར་ཁོ་ན་ཞིག་མིན་པར། སློབ་གཙོ་དང་དགེ་རྒན་དང་སློབ་གསོ་ལས་ཁུངས་བཅས་ལའང་འགན་ཁུར་དང་གནད་དོན་ཡོད་པ་བསྟན། དམངས་ཁྲིམས་སྡེ་སྣོད་ཀྱི་དོན་ཚན་༡༢༠༡་གི་ནང་དུ་སློབ་གྲྭས་དོ་དམ་གྱི་ངོས་ནས་འགན་མ་ཁུར་བའི་རྐྱེན་གྱིས་གང་ཟག་ཞིག་ལ་སློབ་གྲྭའི་ནང་ལུས་ཕུང་ལ་གནོད་སྐྱོན་ཐེབས་ན། གནོད་སྐྱོན་ཐེབས་མཁན་གྱིས་སློབ་གྲྭ་ལ་གུན་གསབ་འཇལ་བ་ལ་སོགས་པའི་འཕྲོས་འཛར་གྱི་འགན་ཁུར་དགོས་པའི་ཞུ་གཏུག་བྱས་ཆོག་པའི་གཏན་འཁེལ་བྱས་ཡོད། ང་ཚོ་བོད་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་དང་སློབ་མ་མང་ཆེ་བ་བཅའ་སྡོད་སློབ་གྲྭ་ན་ཡོད་པས་རྐྱེན་གྱིས། སློབ་མ་དེ་དག་ལ་ཕ་མ་དང་གཉེན་ཉེ་ཐ་དག་གིས་བསླབ་བྱ་དང་ཞལ་ཏ་གཏོང་བའི་གོ་སྐབས་མེད་པའམ་ཉུང་བས་ན་སློབ་གྲྭས་སློབ་ཕྲུག་དེ་དག་གི་ཕ་མའི་ཚབ་བྱས་ཏེ་ལྟ་སྐྱོང་གི་འགན་(监护人)ཕལ་ཆེ་བ་ཁུར་བཞིན་ཡོད་པས་ན། གནད་དོན་འདི་རིགས་བྱུང་ན་ཐོག་མར་སློབ་གཙོ་དང་འགན་འཛིན་དགེ་རྒན་ལ་འགན་འདེད་དགོས་པ་ལས་འགན་ཁུར་ཡོད་དོ་ཅོག་སློབ་མ་དང་དེ་དག་གི་ཕ་མའི་སྟེང་ལ་གཡུག་ཤག་ཤག་བྱ་མི་རུང་། སློབ་མ་ཕན་ཚུན་བར་ཐུབ་ཚོད་བཏང་བའི་དོན་རྐྱེན་ཚབས་ཆེན་བྱུང་འཕྲལ་འབྲེལ་ཡོད་དགེ་རྒན་དང་སློབ་གཙོ་། དེ་བཞིན་དུ་སློབ་གསོ་ལས་ཁུངས་ཀྱི་འབྲེལ་ཡོད་འགན་འཛིན་གནས་དབྱུང་དང་ཉེན་བརྡ་བཏང་བ་ལ་སོགས་པའི་ཆད་པ་ཁྲིམས་ལྟར་ནན་མོ་བཅད་ན་སློབ་རའི་ཐུབ་ཚོད་གཏོང་བའི་དོན་རྐྱེན་གྱི་མགོ་གནོན་ཐུབ་པར་འདོད།

བཞི་བ། སློབ་མ་རྣམས་ལ་ཕན་ཚུན་བརྩི་བཀུར་དང་རོགས་རམ་གྱི་ཀུན་སྤྱོད་བཟང་བོའི་བསླབ་བྱ་དང་སློབ་གསོ་དགེ་རྒན་དང་སློབ་གྲྭས་དུས་རྒྱུན་དུ་སྤེལ་དགོས། ལྷག་པར་དུ་ཐུབ་ཚོད་གཏོང་མཁན་དང་ཐུབ་ཚོད་ཐེབས་མཁན་གྱི་སློབ་མ་དག་ལ་སེམས་ཁམས་བདེ་སྙོམས་ཐད་ཀྱི་ལམ་སྟོན་པ་བཀོད་སྒྲིག་བྱེད་དགོས་པ་གལ་ཆེ་བར་མཐོང་། ནམ་རྒྱུན་བཅའ་སྡོད་སློབ་མ་རྣམས་ཕ་མའི་གམ་ན་མེད་སྟབས་དེ་དག་གི་སེམས་ཁམས་ཤིན་ཏུ་ཉམས་དམའ་བའི་སྐབས་སུ་དགེ་རྒན་དང་འབྲེལ་ཡོད་སློབ་གྲྭའི་དོ་དམ་པས་བྱིས་གཞོན་དེ་དག་ལ་སེམས་གསོ་བཏང་སྟེ་གེགས་སེལ་བྱ་རྒྱུ་ནི་གནད་དོན་སྔོན་འགོག་གི་ཐབས་ལམ་དམ་པ་ཡིན། དར་མ་རྣམས་སེམས་སྡུག་དུས་ཕོ་ལ་ཞུ་ས་ཞིག་དང་མོ་ལ་ངུ་ས་ཞིག་དགོས་ན་བྱིས་གཞོན་འདི་དག་ལ་སེམས་སྡུག་པའི་སྐབས་སུ་སེམས་གཏམ་བཤད་ས་ཞིག་དགོས་པ་ལྟ་ཅི་སྨོས། དེའི་ཕྱིར་སློབ་གསོའི་ལས་ཁུངས་དང་སློབ་གྲྭས་སློབ་ཆུང་དང་སློབ་འབྲིང་གི་སློབ་མའི་སེམས་ཁམས་བདེ་སྙོམས་ལ་དམིགས་པའི་ཉེར་མཁོ་དང་མཐུན་རྐྱེན་བསྐྲུན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པར་འདོད། དེ་མིན། སློབ་མ་ལ་རྡུང་རྡེག་གི་སྤྱོད་ངན་ལོབས་པའི་དགེ་རྒན་ཞིག་གིས་སློབ་མ་དག་ལ་གཞན་ལ་མ་རྡུང་ཞེས་བསླབ་བྱ་བཏང་ན་སློབ་མ་དེ་དག་གི་རྣ་ལམ་དུ་མི་འགྲོ་བས། དགེ་རྒན་གྱིས་ཐོག་མར་རང་གི་ཀུན་ཏུ་སྤྱོད་པ་བཟང་པོར་བྱེད་རྒྱུ་དེ་ཡང་གནད་འགག་ཡིན་པ་མ་ཟད། དགེ་རྒན་སྤྱོད་ངན་ཅན་དེ་རིགས་དགེ་རྒན་གྱི་རུ་ཁག་ནས་འཕྲལ་དུ་གཙང་སེལ་བྱེད་དགོས།

མདོར་ན། སློབ་མས་སློབ་མར་ཐུབ་ཚོད་གཏོང་བཞིན་པའི་ཉེས་སྐྱོན་དེ་སློབ་མ་སྤྱོད་ངན་ཅན་ཁོ་ནའི་སྟེང་ན་མེད་པར། སྤྱི་ཚོགས་དང་སློབ་གསོའི་སྡེ་ཡོངས་ལ་གཞན་དྲིང་མི་འཇོག་པར་ཡོད་པས་ན། ང་ཚོས་དོན་རྐྱེན་འདི་བརྒྱུད་ནས་སློབ་གསོའི་ལམ་ལུགས་དང་ཐབས་བཀོད། དམིགས་ཡུལ་དང་ཁོར་ཡུག་བཅས་ལ་བསྐྱར་འདང་རྒྱག་དགོས། ཕུ་གཡའ་མ་ཆགས་ཆགས་རྫ་ནས་ཆགས། རྫ་མེད་ན་གཡའ་མ་ཆགས་དོན་མེད། དམའ་སྨུག་པ་ལང་ལང་མཚོ་ནས་ལངས། མཚོ་མེད་ན་སྨུག་པ་ལང་དོན་མེད་ཅེས་པའི་དཔེ་ལྟར། སློབ་གྲྭ་མེད་ན་སློབ་རའི་ཐུབ་ཚོད་ཀྱི་དོན་རྐྱེན་ཡང་མེད་པས། སློབ་གྲྭ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་སྲིད་གཞུང་དང་སློབ་གཙོ་དང་དགེ་རྒན་དག་གིས་ཀྱང་གནད་དོན་འདི་རིགས་བྱུང་ན་ངན་ཁག་སློབ་མ་དང་ཁྱིམ་བདག་གི་མགོར་འཕེན་རྐྱང་མི་བྱེད་པར་རང་ཉིད་ལ་ལས་འཛོལ་དང་ནོར་འཁྲུལ་ཅི་ཡོད་ཞིབ་ཏུ་བསམ་སྟེ་ངོས་ལེན་བྱས་ནས་ལེགས་བཅོས་ཀྱི་ཐབས་ལམ་འཚོལ་བར་འབད་པ་བྱས་ན་སློབ་རའི་ཐུབ་ཚོད་ཀྱི་གནད་དོན་ད་གཟོད་དྲུང་ནས་འབྱིན་ཐུབ།

གོང་གསལ་རྩོམ་ཡིག་འདི་ཁྲིམས་གླེང་དྲྭ་བ་ནས་བཤུས།

(Visited 1 times, 1 visits today)